དོམ་གྱི་ཉེན་ཁ་ཡོད་པས་སྔ་དགོང་དུ་གླིང་སྐོར་མ་འགྲོ་བརྗོད་འདུག

ཕྱི་ཟླ་༡༡ ཚེས་༤ ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིའི་ཕྱོགས་ཀྱི་གླིང་སྐོར་འགྲོ་ལམ་ནས་བོད་མི་བགྲེས་སོན་ཞིག་ལ་དོམ་གྱིས་གདོང་སོགས་ལ་སྦར་མོ་དང་སོ་བརྒྱབས་ཏེ་ཀྲང་ཊ་སྨན་ཁང་དུ་འཁྱེར་དགོས་བྱུང་འདུག ཉིན་གཅིག་གཉིས་སྔོན་ནས་གླིང་སྐོར་ལམ་དུ་དོམ་མ་བུ་གསུམ་མཐོང་རྒྱུ་ཡོད་འདུག་པ་བཞིན། ད་ནངས་ཞོགས་པར་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་གོང་གི་གནས་ཚུལ་དང་འབྲེལ་གསལ་བསྒྲགས་ཤིག་བཏང་བའི་ནང་། ས་གནས་བོད་མི་རྣམས་ཀྱིས་ནངས་སྔ་མོ་དང་དགོང་ཕྱི་བོར་གླིང་སྐོར་ལམ་དུ་མ་འགྲོ་ཞེས་འབོད་སྐུལ་ཞུས་འདུག་པ་དང་། དེ་ཡང་སོ་སོའི་ཁྱབ་ཁོངས་ཚང་མར་ལན་འཕྲོད་པ་བྱེད་རོགས་ཞེས་བརྗོད་འདུག
ས་གནས་ཡུལ་མི་དང་བོད་པ་འགས་བརྗོད་པ་ལྟར་ན་སྤྱིར་གནམ་གཤིས་གྲང་དུ་འགྲོ་བཞིན་པ་དང་རི་ཁ་མཐོ་སར་ཟས་ཀྱང་དཀོན་དུ་འགྲོ་བས་གཅན་གཟན་རྣམས་རི་ཁ་དམའ་སར་འབབ་ཡོང་གི་ཡོད་པ་དང་། ལྷག་ཏུ་ལྷ་རྒྱལ་རིའི་ཕྱོགས་ཀྱི་གླིང་སྐོར་ལམ་དུ་སྤྲེའུར་ཁ་ལག་སྤྲོད་ས་ཞིག་ཡོད་པར་དེར་མི་ཚོས་ཟས་ལྷག་འདྲ་མིན་བླུག་གི་ཡོད་པ་དང་། གཞན་ཡང་ལྷ་རྒྱལ་རིའི་ཉེ་འཁོར་དུ་སྡོད་མཁན་ཚོས་ཟས་ལྷག་འདྲ་མིན་ཕྱི་ལོགས་སུ་གཡུག་གི་ཡོད་པས་དོམ་འཁོར་བའི་རྒྱུ་མཚན་དེ་ཡིན་པར་རྗོད་མཁན་ཡང་འདུག
དེ་སྔོན་ནས་དོམ་གྱིས་རྒྱ་གར་གྱི་ཡུལ་མི་དང་བོད་པ་བཅས་ལ་སྦར་མོ་བརྒྱབས་ཏེ་གནོད་འཚེ་བཟོས་པའི་གནས་ཚུལ་ཐེངས་འགའ་བྱུང་མྱོང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
