དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་སྐུ་གྲོངས་པ།
ཟླ་འདིའི་ཚེས་༡༣ ཉིན་བོད་གཞུང་གི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་དགུང་ལོའི་༨༦ ཐོག་ལྡི་ལི་ནས་སྐུ་གྲོངས་ཡོད་པ་རེད།
ཁོང་ནི་༡༩༣༡ ལོར་ལྷོ་ཁ་རྩེད་ཐང་དུ་འཁྲུངས་པ་དང། སློབ་གཉེེར་རིམ་པ་བྱས་མཐར་བོད་གཞུང་གི་གཞུང་ཞབས་དང་། རྒྱ་ནག་ཏུ་ཡང་སློབ་སྦྱོང་བྱེད་མྱོང་ཡོད་འདུག ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་དང་པོ། གཞན་ཡང་བོད་ཀྱི་དཔེ་མཛོད་ཁང་དང་། ཉི་ཧོང་ནང་ཡོད་པའི་ཨེ་ཤ་ཡའི་དཔེ་མཛོད་ཁང་སོགས་ཀྱི་ནང་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནང་མ་ཟད། དབྱིན་ཡིག་སློབ་སྦྱོང་བྱས་ཏེ་སློབ་དཔོན་ཆེན་མོའི་ལག་ཁྱེར་ཡང་ཐོབ་ཡོད་པ་རེད།
དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ལྟར་བོད་ཀྱི་མ་འོངས་པའི་རྩ་ཁྲིམས་སྙིང་དོན་གཏན་ལ་ཕབ་སྐབས་ཟིན་བྲིས་འདེབས་མཁན་དང་། ༧གོང་ས་མཆོག་སྐུ་ཕྲེང་༡༤ པའི་མཛད་རྣམ་རྩོམ་སྒྲིག་པའི་ནང་ཕྱག་ལས། ༧གོང་ས་མཆོག་སྐུ་ཕྲེང་༡༣ མཛད་རྣམ་རྩོམ་སྒྲིག་སོགས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལས་དོན་མང་པོ་གནང་མྱོང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།