དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

དེ་རིང་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། བོད་ཁྱིམ་སློབ་གྲྭའི་དགེ་ལས་ཟུར་པ་དང་ལས་ཐོག་སོགས་དབུ་བཞུགས་ཐོག དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།
ཟླ་འདིའི་ཚེས་༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་༦༣ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་དང་པོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་རེད་འདུག་ལ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་སེར་སྐྱ་མི་མང་རྣམས་མཉམ་ཞུགས་གནང་འདུག
སྐབས་དེར་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲིད་ཆོས་ཀྱིས་འཚམས་འདྲི་དང་སྦྲགས་ཏེ་བཀའ་སློབ་གནང་དོན། ༧གོང་ས་མཆོག་ཐུགས་སྐྱེད་དང་ཐུགས་རྗེ་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བོད་ཕྲུག་ཁྱིམ་སྡེ་འདི་༡༩༦༠ ལོར་བོད་མི་ལམ་བཟོ་བའི་ཕྲུ་གུ་༥༡ སྐུའི་གཅེན་མོ་ཚེ་རིང་སྒྲོལ་མས་བདག་སྐྱོང་གནང་སྟེ་བུ་གསོ་ཁང་འགོ་འཛུགས་ཀྱིས་ཐུགས་འགན་བཞེས་པའི་སྐོར་དང་། དེའི་རྗེས་སུ་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨས་ཐུགས་འགན་བཞེས་ཏེ་ལོ་ངོ་༤༠ ལྷག་གི་རིང་བོད་ཕྲུག་ཚོའི་ཤེས་ཡོན་དང་གསོ་སྐྱོང་ཁོ་ནའི་ཆེད་དུ་བྱམས་བརྩེའི་བཀའ་དྲིན་རླབས་ཆེན་བསྐྱངས་པ་དང་། དེ་བཞིན་བོད་ཁྱིམ་མགོ་ལས་དུ་མས་ངལ་བ་ཁྱད་བསད་ཀྱིས་སྐུ་ལས་བསྐྱོན་པ་རྗེས་སུ་དྲན་པའི་ཐོག བོད་ཕྲུག་ཁྱིམ་སྡེས་བཙན་བྱོལ་བོད་མིའི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག ཉམ་ཐག་བཅས་ལ་གཟིགས་སྐྱོང་དང་ཤེས་ཡོན་ཁོ་ན་སྤྲོད་པའི་ངོ་བོ་ཚང་ལ་ཆིག་སྒྲིལ་དང་ཁེ་མེད་ཀྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་གསུངས་སོང་།

བོད་ཁྱིམ་གྱི་ངོས་ནས་བོད་ཕྲུག་རྣམས་རང་དབང་གི་སྒོ་ནས་འཚར་ལངས་དང་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ལ་སྤོབས་སེམས་དང་དགའ་ཞེན་ལྡན་པ། བོད་ཕྲུག་སོ་སོའི་མོས་པ་དང་ནུས་པ་མཐུན་པའི་ལམ་སྟོན་ཐུབ་པའི་ཆེད། སློབ་མ་དབུས་སུ་བཞག་པའི་ཤེས་ཡོན་བསྐྲུན་རྒྱུའི་ཐབས་ལམ་དང་ཕ་མའི་བྱམས་བརྩེའི་འོག ད་ལྟ་འཛིན་སྐྱོང་ཞུ་བཞིན་པའི་གཏན་སློབ་ཁག་བརྒྱད་དང་ཉིན་སློབ་བཞི། ལས་རིགས་སློབ་གཉེར་ཁང་གཉིས། ཏྰ་ལའི་བླ་མ་མཐོ་སློབ། མཐོ་སློབ་སྡོད་ཁང་གཉིས། རྒྱ་གར་མཐོ་སློབ་ཏུ་སྐྱོད་བཞིན་པའི་སློབ་མ་བཅས་ལ་གཟིགས་རྟོག་ཞུས་དང་ཞུ་བཞིན་ཡོད་པ་དང་། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲངས་༥༥༣༨ དང་རྒན་ཡོལ་གྲངས་༨༥ ལས་བྱེད་གྲངས་༡༠༢༡ བགྲེས་ཡོལ་ལས་བྱེད་གྲངས་༣༡༣ ལས་རིགས་སློབ་གཉེར་ཁང་དུ་སློབ་གྲངས་༥༨། མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་པ་༤༥༤ བཅས་ཁྱོན་བསྡོམས་༧༤༦༩ གཟིགས་རྟོག་ཞུ་མུས་ཡིན་པ་སོགས་གསུངས་སོང་།
དེའི་རྗེས་སུ་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དང་བཀའ་ཟུར་རྗེ་བཙུན་པདྨ་གཙོས་པའི་དགེ་རྒན་ལས་ཟུར་ཐམས་ཅད་ནས་དྭ་ཕྲུག་སོགས་ཕྲུ་གུ་མང་པོ་ཞིག་སློབ་གྲྭ་རང་གི་ནང་ལོགས་སུ་ཁྱིམ་ལྟ་བུའི་ཁོར་ཡུག་གཅིག་གི་ནང་དུ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་དེ་ཧ་སང་ཡ་ཡིན་པའི་སྐོར་དང་། ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས། རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་བྱས་ཏེ་༡༩༥༩ ལོར་༧གོང་ས་མཆོག་དབུས་པའི་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། དཀའ་ངལ་ཤིན་ཏུ་ཆེ་བའི་གནས་སྟངས་དེའི་སྐབས་བོད་ཀྱི་རང་དབང་བསྐྱར་གསོ་དང་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱུན་གནས་ཐོབ་ཕྱིར། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཟག་མེད་འོག་བཙན་བྱོལ་བོད་ཕྲུག་ཚོས་གནའ་དེང་གི་ཤེས་ཡོན་བསྐྲུན་རྒྱུའི་ཆེད་སློབ་གྲྭ་ཁག་ཆེད་མངགས་ཟུར་འཛུགས་མཛད་ཡོད་པ་དང་། སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨས་ལོ་ངོ་༤༢ ཙམ་གྱི་རིང་ཐུགས་འགན་བཞེས་གནང་བ་དང་། དེ་བཞིན་བོད་ཁྱིམ་གྱི་དབུ་འཛིན་རིམ་པ་དང་དགེ་ལས་རིམ་པ་རྣམས་ཀྱིས་ལྷག་བསམ་འབད་འབུངས་ཁུར་སྐྱེད་ཐོག་འབྱོར་འཁོས་ཞན་པའི་ཕྲུ་གུ་དང་། ལྷག་ཏུ་བོད་ནས་གསར་དུ་འབྱོར་བའི་བོད་ཕྲུག་རྣམས་ལ་གཟིགས་སྐྱོང་གནང་ནས། བོད་ཀྱི་བསྟན་སྲིད་དང་མི་རིགས་རིག་གཞུང་ལ་སྨན་པའི་མཛད་རྗེས་བཞག་གནང་བར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཞུས་གནང་བའི་ཐོག། སློབ་ཕྲུག་སྤུས་ཚད་ལྡན་པ་གསོ་སྐྱོང་གནང་རྒྱུ་གལ་ཆེ་ཚུལ་དང་རྒྱ་གཞུང་གིས་བོད་ལ་བཟུང་བའི་སྲིད་བྱུས་དང་ད་ལྟའི་བོད་ནང་གི་སློབ་ཕྲུག་གི་གནས་སྟངས་སོགས་ཀྱི་སྐོར་གསུངས་སོང་།

མཇུག་དེར་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེས་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་སྐྱབས་བཅོལ་བ་གཞན་དང་མ་འདྲ་ཞིག་ཆགས་ཡོད་པའི་སྐོར་དང་། བུ་ཕྲུག་ཁྲི་ཁྲག་མང་པོ་རང་གི་རྐང་པའི་ཐོག་ལངས་ཐུབ་པ་དང་རང་མི་རིགས་ལ་ཞབས་ཞུ་སྒྲུབ་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་བྱུང་བ་ནི། སྐུའི་གཅེན་མོ་དམ་པ་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་རྣམ་གཉིས་གཙོས་པའི་དགེ་ལས་རྣམས་ལ་བརྟེན་ནས་བྱུང་བའི་སྐོར། དེ་བཞིན་གྲུབ་འབྲས་གང་འཚམ་ཐོབ་པའི་སྐབས་སུ་ལྷོད་གཡེང་མ་ཤོར་བ་བྱེད་དགོས་པ། རྒྱ་ནག་གིས་ད་ལྟ་བོད་ཀྱི་རིག་གཞུང་ཀྲུང་འགོ་ཅན་དུ་བསྒྱུར་རྒྱུ་སོགས་ལ་བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཅན་དུ་ཆགས་ཡོད་པ་སོགས་དང་འབྲེལ་ཏེ། ང་ཚོ་བཙན་བྱོལ་བ་ཚོར་འགན་འཁྲི་ཆེན་པོ་ཡོད་པའི་སྐོར། བོད་ཀྱི་སྐད་ཡིག་གི་གལ་གནད་དང་ཁྱད་ཆོས་སོགས་དང་སྦྲགས་དེ་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེ་ཚུལ། གཞན་ཡང་ང་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་ཐུགས་དགྱེས་པའི་མཆོད་སྤྲིན་བསྐྲུན་དགོས་པ་ང་ཚོའི་འགན་འཁྲི་ཡིན་པ། དེ་བཞིན་སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་གནང་དགོས་པ་སོགས་གསུངས་སོང་།
དེའི་རྗེས་ཞབས་ལོ་ཉི་ཤུ་ཡན་ལོན་པའི་ལས་བྱེད་ཚོར་གཟེངས་བསྟོད་ཕྱག་ཁྱེར་དང་བརྒྱ་ཆ་དགུ་བཅུ་ཡན་ལོན་པའི་སློབ་ཕྲུག་ཚོར་བོད་ཁྱིམ་གྱི་ངོས་ནས་ཧིན་སྒོར་ཁྲི་རེའི་བྱ་དགའ་དང་། སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་གི་ལེགས་སྐྱེས་བཅས་གནང་སོང་། མཐར་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་སོགས་གཟིགས་འབུལ་དང་བོད་ཕྲུག་ཁྱིམ་སྡེའི་ངེས་དོན་པ་ཚུལ་ཁྲིམས་རྡོ་རྗེས་སྐུ་མགྲོན་སོགས་ལ་ཐུགས་རྗེ་ཆེ་ཞུས་རྗེས་དུས་དྲན་གྱི་མཛད་སྒོ་གྲུབ་སོང་། ཐེངས་འདིའི་དུས་དྲན་དང་སྦྲགས་ཏེ་ཉིན་བཞིའི་རིང་བྱེད་སྒོ་སྣ་ཚོགས་ཡོད་འདུག་ལ།
དེ་ཡང་ཉིན་དང་པོའི་སྔ་དྲོར་སྐུ་མགྲོན་རྣམས་ཀྱི་བཀའ་སློབ་དང་སློབ་ཕྲུག་རུ་སྒྲིག དེ་བཞིན་ཧི་མ་ཅལ་མངའ་ཁོངས་ཀྱི་བོད་ཕྲུག་ཁྱིམ་སྡེ་ཁག་གིས་གཞས་སྣ་གཟིགས་འབུལ་ཞུ་རྒྱུ་དང་། ཉིན་གཉིས་པ་དྷ་སྟེང་བོད་ཁྱིམ་གྱི་ཁང་ཚན་བཞིིའི་བར་མཆོང་རྒྱུགས་འཕེན་གསུམ་གྱི་རྩེད་འགྲན། ཉིན་གསུམ་པ་བོད་ཁྱིམ་སློབ་ཕྲུག་རྣམས་ནས་གཟུགས་ཀྱི་ཉི་མའི་ལྷ་གཞུང་གཟིགས་འབུལ། ཉིན་བཞི་པའི་སྔ་དྲོར་དགོན་པའི་དབུ་རྩེར་ལྷ་བསང་ཞུ་ཡ་བཅས་རེད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
