ནག་ཚོང་རྒྱག་མཁན་བདུན་འཇུ་བཟུང་ཁྲོད་བོད་མི་གཉིས་ཡོད་འདུག
རྒྱ་གར་ཉེན་རྟོག་པས་ཤིང་ཙན་དན་དམར་པོ་ནག་ཚོང་རྒྱག་མཁན་གྱི་བོད་པ་གཉིས་དང་། རྒྱ་མི་གཉིས། རྒྱ་གར་བ་གསུམ་བཅས་འཇུ་བཟུང་བྱས་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༢ ཉིན་གྱི་རྒྱ་གར་ཧིན་རྡུ་གསར་ཤོག་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ནག་ཚོང་བཀག་འགོག་ལས་དོན་རུ་ཁག་དང་ཀ་རྡ་པ་ས་གནས་ཉེན་རྟོག་པས། རྒྱ་གར་ལྡི་ལི་དང་མ་དྷེཡ་མངའ་སྡེའི་ནང་སྡོད་མཁན་ཤིང་ཙན་དན་དམར་པོ་ནག་ཚོང་རྒྱག་མཁན་༧ འཇུ་བཟུང་བྱས་ཡོད་པའི་ཁྲོད། བོད་མི་པ་སངས་ཚེ་རིང་(ལོ་༣༠) དང་བསོད་ནམས་ཚེ་རིང་(ལོ་༢༧) གཉིས་དང། རྒྱ་མི་ཀྲང་ཤི་(Zhang Xi) (34) དང་སི་ལི་(Su Lei )(27) རྒྱ་གར་བ་མཱ ནི་ཤི་(Manish Pal Luthra) (31) དང་། རཱ་གྷུ་ན་ཐི་(Raghunath Dhangar)(32) མཱུ་ཀེ་ཤི་(Mukesh Das Biragi) (31) བཅས་འཇུ་བཟུང་བྱས་འདུག་པ་དང་། བོད་མི་དེ་གཉིས་གྲྭ་ལོག་ཡིན་པའི་གནས་ཚུལ་འདུག
བོད་མི་གཉིས་ནི་བོད་ནས་སླེབས་པ་ཡིན་ཡང་རྒྱལ་ས་ལྡི་ལི་རུ་ནག་ཚོང་བྱེད་ཀྱི་ཡོད་པ་དང། ནག་ཚོང་རྒྱག་མཁན་༧ པོ་རྒྱ་གར་ཨན་རྡེ་ར་མངའ་སྡེའི་ས་གནས་ཀ་རྡ་པ་ཞེས་པ་དེར། ནག་ཚོང་རྒྱག་བཞིན་པའི་སྐབས་འཇུ་བཟུང་བྱས་ཡོད་འདུག ཁོང་ཚོའི་ལག་ནས་ཤིང་ཙན་དན་དམར་པོ་ཧིན་སྒོར ༡༥,༠༠,༠༠༠(འབུམ་བཅོ་ལྔ) ཡི་རིན་ཚད། ཧིན་སྒོར་༡༠,༠༠༠ (ཁྲི་གཅིག) ཕྱི་རྒྱལ་ཡུལ་གྲུ་ཁག་གིས་དངུལ་ཧིན་སྒོར་འབུམ་ཁ་ཤས་ཀྱི་རིན་ཚད་དང་མོ་ཊ་གཅིག་བཅས་ཉེན་རྟོག་པས་བླངས་ཡོད་པའི་གནས་ཚུལ་འདུག
ནག་ཚོང་རྒྱག་མཁན་དེ་ཚོས་རྒྱ་གར་ནང་ཤིང་ཙན་དན་དམར་པོ་རིན་གོང་ཆུང་ཆུང་ཐོག་ཉོས་ནས། མཚོ་དང་ས། གནམ་སོགས་བརྒྱུད་ནས་རྒྱ་ནག་ལ་བཏང་སྟེ། ཁེ་བཟང་ཧིན་སྒོར་༧༥,༠༠,༠༠༠(འབུམ་བདུན་ཅུ་བདུན་ལྔ་)ལྷག་བཟོ་ཐུབ་ཀྱི་ཡོད་འདུག
ཙན་དན་ཤིང་དམར་པོ་ནི་རྒྱ་གར་གྱི་ལྷོ་ཕྱོགས་ས་གནས་ཁག་ལ་སྐྱེས་ཡོད་པ་དང། རྒྱ་ནག་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོར་འགྲོ་རྒྱུག་ཆེན་པོ་ཡོད་པ་རེད། ནག་ཚོང་རྒྱག་མཁན་མང་དུ་ཕྱིན་ཡོད་པས། ཙན་དན་དམར་པོ་སྐྱེས་སའི་ས་གནས་ཁག་ནས་ཤིང་དེ་རྩ་སྟོང་འགྲོ་བཞིན་ཡོད་པས། རྒྱ་གར་ཁྲིམས་ཐོག་ནས་ཙན་དན་དམར་པོ་བཙོང་པ་ནག་ཉེས་ཡིན་པ་བཟོས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
http://www.thehindu.com/news/national/andhra-pradesh/chinese-tibetans-among-seven-smugglers-nabbed/article7938663.ece?utm_source=RSS_Feed&utm_medium=RS