ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

ཟླ་འདིའི་ཚེས་༡༠ ཉིན་གྱི་ཕྱི་དྲོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཞུགས་སྒར་དུ་ཡོད་པའི་ནོར་བུ་གསོལ་མགྲོན་ཁང་དུ་གཞིས་བཞུགས་བོད་པའི་རྩོམ་པ་པོ་ནགས་ཚང་ནུས་བློའི་དེབ་ཕྲེང་གཉིས་པ་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པ་དེ་དབུ་འབྱེད་གནང་སོང་། 

ཐེེངས་འདིའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་གཉིས་གཙོས་ས་གནས་སུ་ཡོད་པའི་དོན་གཉེར་ཅན་གྱི་སེར་སྐྱ་མི་མང་ཉི་ཤུ་ལྷག་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་ངོ་ཟླ་བ་ཚེ་རིང་གིས། ཡུལ་མི་ཚོས་ནགས་ཚང་ནུས་བློ་ནི་དཀའ་ངལ་འཕྲད་དུས་རྒྱབ་རྟེན་ས་ཞིག་ཡིན་པ་དང་། ཁོང་ནི་བློ་ཁོག་ཆེ་ཞིང་། དཔའ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ཅེས་དང་།  ནགས་ཚང་ནུས་བློའི་དེབ་འདི་ཁོང་མི་གཅིག་གི་དཀའ་སྡུག་ཙམ་མ་ཟད། སྐབས་དེ་དང་དེའི་དུས་བོད་མི་ཁྱོན་ཡོངས་ཀྱིས་མྱངས་པའི་དཀའ་སྡུག་དང་འཚོ་བ་དངོས་མཐོང་ཐུབ་པའི་མེ་ལོང་ལྟ་བུ་ཞིག་རེད་ཅེས་གསུངས་སོང་།

གཞན་ཡང་འཇུ་བསྟན་སྐྱོང་གིས།  ནགས་ཚང་ནུས་བློའི་དེབ་ཕྲེང་དང་པོ་དང་བསྡུར་ན་དེབ་འདིའི་ནང་དུ་ཡུལ་སྐད་ཉུང་ཙམ་བཀོལ་སྤྱོད་བྱས་ཡོད་འདུག་པ་མ་ཟད་གནས་ཚུལ་གང་བྱུང་བ་ཐམས་ཅད་ཕྱོགས་ལྷུང་མེད་པར་བྲིས་འདུག་ཅེས་དང་། སྤྱིར་ངག་རྒྱུན་ལོ་རྒྱུས་འབྲི་མཁན་མང་ཡང་། བོད་ནང་ཡོད་མཁན་ཚོ་ལ་ལོ་རྒྱུས་འབྲི་བའི་དཀའ་ངལ་དམིགས་བསལ་ཞིག་ཡོད་པ་རེད་སོགས་གསུངས་སོང་། 

དེབ་དེའི་ནང་དོན་གཙོ་བོ་རྩོམ་པ་པོ་ཁོང་ཆུང་དུས་ཀྱི་སྐབས་སུ་རྒྱའི་བཙན་འཛུལ་དང་བོད་མིའི་འགོག་རྒོལ་ཁྲོད་ཀྱི་དམག་འཁྲུག་གི་འཇིགས་པ་དང་། བཙོན་འཇུག་དང་མནར་གཅོད། མུ་གེའི་དཀའ་སྡུག་སོགས་ཀྱི་གནས་ཚུལ་ཞིབ་ཚགས་བཀོད་ཡོད་འདུག་པ་དང་།  ཁོང་གི་དེབ་ཕྲེང་གཉིས་པ་༼ ནགས་ཚང་གཞོན་ནུའི་རང་མཚང་༽ ཞེས་པ་འདི་ནི་དེབ་ཕྲེང་སྔ་མའི་མཇུག་འཕྲོ་ལྟ་བུར་ཡིན་འདུག ཁོང་གིས་དཔེ་དེབ་འདི་ཉིད་ནི་ནགས་ཚང་བུ་རབས་ཚ་རྒྱུད་རྣམས་ཀྱི་རང་མཚང་གསལ་བ་དང་། རང་ཚུགས་སྲུང་འཛིན་བྱ་དགོས་པའི་དྲན་སྐུལ་ཆེད་བྲིས་གནང་བ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག ཤོག་གྲངས་༢༦༩ ཡོད་པའི་དཔེ་དེབ་འདི་ཉིད་ལ་ལེའུ་ཆེན་པོ་གསུམ་དང་ཕྱེད་དང་། ནང་གསེས་ལེ་ཚན་སུམ་ཅུ་སོ་གཅིག་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།