ནིའུ་ཡོག་དང་ཊོ་རོན་ཊོ་རྒྱ་ནག་གཞུང་ཚབ་སྒོ་རུ་གཞོན་ལྷན་གྱི་ངོ་རྒོལ་ཁྲོམ་སྐོར།
ཟླ་འདིའི་ཚེས་༢༩ ཉིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇ་སི། ཊོ་རོན་ཊོ་ས་གནས་བཅས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག ནིའུ་ཡོག་དང་ཊོ་རོན་ཊོ་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ཉེ་ཆར་རྒྱ་ནག་དང་རྒྱ་གར་གྱི་དམག་མི་ལ་དྭགས་ས་མཚམས་ནས་གདུང་ཐུག་བྱུང་སྟེ། རྒྱ་གར་གྱི་དམག་མི་༢༠ ལྷག་གི་ཚེ་སྲོག་ཤོར་བར་གདུང་སེམས་མཉམ་བསྐྱེད་དང་། རྒྱ་གར་ལ་རྒྱབ་སྐྱོར་མཚོན་ཆེད་ཡིན་པ་དང་། ལས་འགུལ་བས་ “བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་”པའི་སྐད་འབོད་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་རྗེས། རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་རྩོད་རྙོག་འདི་བྱུང་བ་ཞིག་ཡིན་པའི་བརྡ་ལན་བཏང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

