ནེའུ་ཛེ་ལན་ཌིའི་སྲིད་བློན་ལས་གནས་ནས་དགོངས་པ་ཞུ་རྒྱུ་རེད་འདུག

ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ནེའུ་ཛེ་ལན་ཌའི་སྲིད་བློན་གྱིས་ཁོང་ཉིད་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག

ཟླ་འདིའི་ཚེས་༡༩ ཉིན་ནེའུ་ཛེ་ལན་ཌའི་སྲིད་བློན་ཇེ་སིང་དྷ(Jacinda Ardern) གྱིས་གལ་ཆེན་གསལ་བསྒྲགས་གཉིས་ཤིག་སྤེལ་ཡོད་པ་དང་། གསལ་བསྒྲགས་དང་པོ་དེ་ནི་ཕྱི་ལོ་༢༠༢༣ ལོ་ནེའུ་ཛེ་ལན་ཌའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནི་ཕྱི་ཟླ་༡༠ ཚེས་༡༤ ནས་འགོ་འཛུགས་ཞུ་རྒྱུ་དང་། གསལ་བསྒྲགས་གཉིས་པ་ནི་ཁོང་ཉིད་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་དང་མ་འོངས་འོས་བསྡུའི་ནང་སླར་ཡང་མཉམ་ཞུགས་བྱེད་རྒྱུ་མིན་རབས་ཀྱི་གསལ་བསྒྲགས་སྤེལ་ཡོད་འདུག

ཕྱི་ལོ་༢༠༡༧ ལོ་ཁོང་ཉིད་དགུང་ལོ་༣༧ ཡིན་པའི་སྐབས་སུ་ནེའུ་ཛེ་ལན་ཌིའི་སྲིད་བློན་དུ་བསྐོས་བཞག་བྱུང་ཡོད་པ་དང་། སྐབས་དེ་ཁོང་ནི་ནེའུ་ཛེ་ལན་ཌའི་ཉེ་རབས་ལོ་རྒྱུས་ཁྲོད་དུ་བུད་མེད་འགོ་ཁྲིད་གསུམ་པ་དང་། འཛམ་གླིང་ཐོག་གི་འགོ་ཁྲིད་ལོ་ན་ཆུང་ཤོས་གྲས་ཤིག་ཆགས་ཡོད་འདུག ཕྱི་ལོ་༢༠༢༠ ལོ་ཁོང་ཉིད་སླར་ཡང་ནེའུ་ཛེ་ལན་ཌའི་སྲིད་བློན་དུ་ཐེངས་གཉིས་པ་འོས་འདེམས་བྱུང་ཡོད་པ་དང་། ཁོང་ནི་ཕོ་མོ་འདྲ་མཉམ་དང་། བུད་མེད་ཀྱི་རང་དབང་། ལྷག་པར་དུ་མཚན་མཐུན་དགའ་རོགས་སྒྲིག་པ་སོགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་ཡོད་འདུག

འདས་པའི་དུས་ཡུན་དེ་དག་གི་རིང་ཁོང་གི་འགོ་ཁྲིད་འོག་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པའི་ནང་ནས་ཕྱི་ལོ་༢༠༡༩ ལོ་ཡི་ཤུའི་མཆོད་ཁང་ཞིག་ལ་དྲག་སྤྱོད་རིང་ལུགས་པས་གཏོར་རྒོལ་བྱས་ནས་མི་༥༡ གི་ཚེ་སྲོག་ཤོར་ཡོད་པ་དང་། ཕྱི་ལོ་༢༠༡༩ ནས་ནད་ཡམས་ཀྱི་དཀའ་ངལ་འཕྲད་པའི་སྐབས་སུ་ས་མཚམས་ཁག་ལ་བཀག་སྡོམ། དེ་བཞིན་སྨན་བཅོས་དང་སྔོན་འགོག་སྨན་ཁབ་སོགས་ཀྱི་མཐུན་སྦྱོར་ལེགས་པོ་གནང་ཡོད་པར་བརྟེན། རྒྱལ་ཁབ་མང་པོའི་ཁྲོད་ནས་ནེའུ་ཛེ་ལན་ཌ་ནི་ནད་ཡམས་ཀྱི་དབང་གིས་མི་ཉུང་ཤོས་གྲོངས་མཁན་གྱི་གྲས་ཤིག་ཏུ་འགྱུར་ཡོད་པས་རྒྱལ་ནང་དང་འཛམ་གླིང་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་གཞོན་སྐྱེས་ཁྲོད་ཁོང་ལ་བསྔགས་བརྗོད་དང་དགའ་པོ་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་འདུག

ཁོང་གིས་རྒྱལ་ཁབ་ཅིག་ལ་འགོ་ཁྲིད་བྱ་རྒྱུ་ནི་མི་སུ་ཡིན་རུང་ཐོབ་དཀའ་བའི་གོ་སྐབས་བཟང་པོ་ཞིག་ཡིན་རུང་ཁོང་ཉིད་ལ་ལས་ཀ་དེ་མུ་མཐུད་ནས་བྱེད་པའི་ནུས་པ་མི་འདུག་ཅེས་བརྗོད་འདུག་ལ། སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་དེ་ཁོང་རང་ཉིད་ཀྱིས་ཐག་གཅོད་བྱས་པ་ཡིན་ཞེས་བརྗོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། ཕྱི་ལོ་༢༠༢༢ ལོར་བསམ་ཤོག་བསྡུ་ལེན་ཁ་ཤས་བྱས་ཡོད་པའི་ནང་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པ་ལ་རྒྱབ་སྐྱོར་བ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཁོང་ཉིད་སྲིད་བློན་གྱི་ལས་གནས་བཟུང་ནས་ད་བར་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚད་དམའ་ཤོས་སུ་སླེབས་ཡོད་རབས་བརྗོད་ཡོད་འདུག་ལ། ཡང་འགའ་ཤས་ཀྱིས་ལོ་འདིའི་ལོ་མཇུག་ཏུ་འོས་བསྡུའི་ཁྲོད་ནས་རྒྱལ་ཁ་ཤོར་ནས་དགོངས་པ་ཞུ་པ་ལས་ད་ལྟ་མཚན་སྙན་ཡོད་པའི་སྐབས་སུ་དགོངས་པ་ཞུས་ན་ཡག་ཤོས་རེད་ཅེས་བརྗོད་མཁན་ཡང་བྱུང་འདུག ཁོང་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཨོ་སི་ཊི་ལི་ཡ་དང་ཁེ་ན་ཌ་གྱི་སྲིད་བློན་སོགས་དབུ་ཁྲིད་མང་པོས་ཁོང་གི་དབུ་ཁྲིད་ཀྱི་ནུས་པ་དང་འཇོན་ཐང་སོགས་བསྔགས་བརྗོད་ཀྱི་ཡི་གེ་མང་པོ་དྲ་ཐོག་ལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།