པ་ཀི་སི་ཐན་གྱིས་ཁྲིམས་མཐུན་ཡིག་ཆ་མེད་མཁན་ཕྱི་མི་རྣམས་ཕྱིར་འཕུད་གཏོང་བཞིན་ཡོད་འདུག

ཉེ་ཆར་པ་ཀི་སི་ཐན་གྱི་ནང་སྲིད་ལྷན་ཁང་གིས་ཁྲིགས་ཡིག་གཅིག་ཕྱིར་བསྒྲགས་བྱས་ཡོད་འདུག་པ་དང་། ཁྲིམས་ཡིག་དེའི་ནང་ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་རྣམས་པ་ཀི་སི་ཐན་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་པར་བཀོད་ཡོད་འདུག་ལ། དུས་ཡུན་ཉིན་གྲངས་༢༨ ནང་རང་རང་གི་ཡུལ་ལ་ལོག་དགོས་འབྱུང་བཞིན་ཡོད་འདུག དམིགས་བསལ་ཨབ་གྷན་སི་ཐན་གྱི་སྐྱབས་བཅོལ་བ་མང་པོ་ཞིག་པ་ཀི་སི་ཐན་དུ་ཡོད་པ་དང་། ཨབ་གྷན་སི་ཐན་གྱི་སྐྱབས་བཅོལ་བ་མི་གྲངས་ས་ཡ་༢  མ་ཟིན་ཙམ་ཡོད་པ་དག་ཕྱིར་རང་ཡུལ་དུ་ལོག་དགོས་འབྱུང་བཞིན་ཡོད་འདུག

ཕྱི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ཆར་པ་ཀི་སི་ཐན་གྱི་ཁྲིམས་ཡག་དེ་ཕྱིར་བསྒྲགས་བྱས་པ་ནས་ཉིན་གྲངས་༢༨ ནང་ཚུད་དུ། ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་དག་ཕྱིར་རང་ཡུལ་ལ་ལོག་དགོས་པ་བརྗོད་ཡོད་འདུག་པ་དང་། དུས་ཉིན་མཐའ་མ་ནི་ཕྱི་ཟླ་༡༡ ཚེས ༡ ཡིན་འདུག གལ་སྲིད་ཕྱི་མི་དག་རང་ཡུལ་དུ་ལོག་མ་ཐུབ་ཚེ་པ་ཀི་སི་ཐན་གཞུང་ནས་བཙན་གྱིས་ཕྱིར་འཕུད་གཏོང་རྒྱུ་ཡིན་པར་བརྗོད་ཡོད་པར་བརྟེན། ད་ཆར་ཨབ་གྷན་ནི་སི་ཐན་གྱི་མི་མང་ས་ཡ་༢ མ་ཟིན་ཙམ་ཞིག་པ་ཀི་སི་ཐན་ནས་ཕྱིར་ཨབ་གྷན་ནི་སི་ཐན་ལ་ལོག་དགོས་འབྱུང་བཞིན་ཡོད་འདུག ཨ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་མང་ཆེ་བ་ནི་དེ་སྔོན་ཏ་ལི་བྷན་གྱིས་ཨབ་གྷན་བཙན་བཟུང་བྱེད་དུས་པ་ཀི་སི་ཐན་ལ་བྲོས་བྱོལ་དུ་ཡོང་མཁན་ཡིན་པ་དང་། གཞན་པ་རྣམས་དེ་སྔོན་ནས་པ་ཀི་སི་ཐན་ནང་དུ་ཡོད་པའི་ཨབ་གྷན་མི་རིགས་ཡིན་པ་གང་ཞིག་ལ་ཁྲིམས་མཐུན་ཡིག་ཆ་མེད་མཁན་དུ་མ་ཡོད་འདུག 

པ་ཀི་སི་ཐན་ནང་མངོན་གསལ་དོད་པོ་ཞིག་ལ་Karachi ཟེར་བའི་ས་ཁུལ་དེ་དག་གི་ནང་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བའི་མི་འབོར་ཕོན་ཆེན་ཡོད་པར་བརྟེན། ད་ཆར་དེ་ནས་ཐོན་མཁན་སྐྱབས་བཅོལ་བ་ཧ་ཅང་མང་པོ་ཡོད་འདུག་པ་དང་། ཨབ་གྷ་ནི་སི་ཐན་དང་པ་ཀི་སི་ཐན་བར་འགྲུལ་པ་དབོར་འདྲེན་བྱེད་མཁན་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས་བརྗོད་གསལ་ལ། ཁོས་དེ་སྔོན་བདུན་གཅིག་ནང་སྤྱི་སྤྱོད་རླངས་འཁོར་ཨབ་གྷ་ནི་སི་ཐན་དང་པ་ཀི་སི་ཐན་བར་ཐེངས་གཅིག་གཏོང་གི་ཡོད་ཀྱང་། ད་ཆར་པ་ཀི་སི་ཐན་གཞུང་གིས་ཕྱི་མི་ཁྲིམས་མཐུན་ཡིག་ཆ་མེད་མཁན་དག་ཕྱིར་རང་ཡུལ་དུ་ལོག་དགོས་པའི་བཀའ་རྒྱ་བཏང་བ་ནས་ད་ཆར་བདུན་གཅིག་ལ་ཕྱོགས་གཉིས་ཀྱི་བར་དུ་འགྲུལ་པ་ཐེངས་བཞི་དང་ལྔར་དབོར་འདྲེན་བྱེད་དགོས་ཀྱི་འདུག་ཅེས་བརྗོད་འདུག

པ་ཀི་སི་ཐན་གྱིས་ཕྱི་མི་འཕུད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

ཐེངས་འདིར་པ་ཀི་སི་ཐན་ནས་ཕྱི་མི་ཕྱིར་འཕུད་གཏོང་དགོས་དོན་གཙོ་བོ་ནི་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་མང་པོ་ཞིག་པ་ཀི་སི་ཐན་ནང་ཡོད་འདུག་པ་དང་། ཁོང་ཚོས་པ་ཀི་སི་ཐན་ནང་དུ་དྲག་སྤྱོད་པའི་ལས་འགུལ་དུ་མ་བརྩམས་ནས་པ་ཀི་སི་ཐན་གྱི་སྤྱི་ཚོགས་སུ་བདེ་འཇགས་མེད་པ་བཟོ་ཡི་ཡོད་ཚུལ་རྗོད་ཀྱི་འདུག་ལ། པ་ཀི་སི་ཐན་གྱི་རྒྱལ་ཁབ་གསར་འཛུགས་བྱས་པ་ནས་ད་བར་ཧ་ཅང་གིས་ཚབས་ཆེ་བའི་དྲག་སྤྱོད་པའི་གཏོར་རྒོལ་ཐེངས་༢༤ བྱུང་འདུག་པ་དང་། དེ་དག་ལས་༡༤ ཨབ་གྷ་ནི་སི་ཐན་གྱི་མི་རིགས་ཡིན་པའི་དྲག་སྤྱོད་པ་དག་གིས་གཏོར་རྒོལ་བྱས་ཡོད་འདུག་པར་བརྟེན། ལྷོ་ཨེ་ཤི་ཡས་དྲག་སྤྱོད་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། (the South Asian Terrorism Portal ) སྙན་ཐོ་དེའི་ནང་འཁོད་དོན་ལ་ཉེ་དུས་ནས་པ་ཀི་སི་ཐན་ནང་དྲག་སྤྱོད་པས་གཏོར་རྒོལ་ཐེངས་༤༡༨ བྱུང་ཡོད་འདུག་པ་དང་། དེའི་ནང་༣༦༥ ལོ་སྔོན་མ་ནས་ད་བར་བྱུང་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་པ་ཀི་སི་ཐན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཁྲིམས་ཡིག་དེ་གཏན་འབེབས་བྱས་པར་བརྗོད་འདུག དམིགས་བསལ་པ་ཀི་སི་ཐན་ནང་ཡོད་པའི་(The Pakistani Taliban)ཟེར་བའི་དྲག་སྤྱོད་པའི་ཚོགས་པ་དེ་ལ་ཨབ་གྷ་ནི་སི་ཐན་ནང་ཡོད་པའི་ཏ་ལི་བྷན་གྱིས་རྒྱབ་སྐྱོར་བྱས་ནས་པ་ཀི་སི་ཐན་ནང་གཏོར་རྒོལ་མང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་འདུག  

པ་ཀི་སི་ཐན་གྱི་དཔལ་འབྱོར་ལ་དཀའ་ངལ་དང་ལས་ཀའི་གོ་སྐབས་ཤོར་གྱི་ཡོད་པ། 

པ་ཀི་སི་ཐན་ནང་བདེ་འཇགས་སྲུང་སྐྱོབ་ཐད་ལ་དཀའ་ངལ་འཕྲད་བཞིན་པ་ལྟར། པ་ཀི་སི་ཐན་གྱི་དཔལ་འབྱོར་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་འདུག དམིགས་བསལ་པ་ཀི་སི་ཐན་ནང་ཡུལ་ཐང་འཕར་ཆའམ་དངོས་ཟོག་གི་རིན་གོ་ཧ་ཅང་འཕར་བའི་རྐྱེན་གྱིས་ད་ཆར་ཡུལ་ཐང་འཕར་ཆའི་ཚད་གཞི་དེ་༣༡་༤ ཡིན་འདུག  པ་ཀི་སི་ཐན་ནང་ཟས་རིགས་དང་དངོས་ཟོག་གི་རིན་འཕར་ནས་མི་མང་གིས་ཉོ་ཐུབ་མིན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག  པ་ཀི་སི་ཐན་གྱི་མི་མང་གིས་བརྗོད་དོན་ལ་ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་དག་གིས་ལས་ཀའི་གོ་སྐབས་དང་དཔལ་འབྱོར་གྱི་ཡོང་ཁུངས་མང་ཆེ་བ་འཁྱེར་གྱི་ཡོད་པར་བརྟེན། ཁོང་ཚོ་མེད་ན་པ་ཀི་སི་ཐན་ནང་དཔལ་འབྱོར་གྱི་དཀའ་ངལ་ཉུང་བ་ཡོད་པར་རྗོད་ཀྱི་ཡོད་འདུག 

པ་ཀི་སི་ཐན་གཞུང་གི་རེ་བ་ལ་ཐེངས་འདིའི་སྐྱབས་བཅོལ་བ་དག་ཕྱིར་བཏང་བ་ཡིན་ན། དེ་ལ་བརྟེན་ནས་ཨབ་གྷ་ནི་སི་ཐན་གྱི་ཏ་ལི་བྷན་གཞུང་གིས་པ་ཀི་སི་ཐན་ལ་གཏོར་རྒོལ་དང་བདེ་འཇགས་ལ་གནོད་འཚེ་གཏོང་རྒྱུ་ཉུང་དུ་འགྲོ་བར་བསམ་གྱི་ཡོད་པ་དང་། དེ་བཞིན་པ་ཀི་སི་ཐན་ནང་དཔལ་འབྱོར་གྱི་དཀའ་ངལ་ཡང་ཉུང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག 

ཨབ་གྷ་ནི་སི་ཐན་གྱི་ཏ་ལི་བྷན་གྱིས་ཡ་ལན་གང་བྱེད་ཀྱི་ཡོད་དམ།

ཨབ་གྷ་ནི་སི་ཐན་གྱི་ཏ་ལི་བྷན་གྱི་གཞུང་གིས་པ་ཀི་སི་ཐན་གྱི་ཐག་གཅོད་དེ་ལ་མོས་མཐུན་མེད་པར་བརྗོད་ཡོད་འདུག་ལ། ཨབ་གྷ་ནི་སི་ཐན་གྱི་སྐྱབས་བཅོལ་བ་རྣམས་པ་ཀི་སི་ཐན་ནང་གི་དྲག་སྤྱོད་པའི་གཏོར་རྒོལ་དེ་དག་གི་ནང་མཉམ་ཞུགས་བྱེད་ཀྱི་མེད་པ་དང་ཁོང་ཚོ་ལ་བཟོད་བསྲན་བྱེད་དགོས་པར་བརྗོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་པ་ཀི་སི་ཐན་གྱི་ཐག་གཅོད་དེ་ལ་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། དེ་སྔོན་ཏ་ལི་བྷན་མེད་པའི་སྐབས་སུ་གཞུང་གི་ལས་བྱེད་དང་འགོ་ཁྲིད། ལས་འགུལ་བ། དེ་བཞིན་མི་མང་མང་པོ་ཞིག་མ་འོངས་པར་ཕྱིར་ཨབ་གྷ་ནི་སི་ཐན་དུ་ལོག་པ་ཡིན་ན། ཁོང་ཚོ་ཏ་ལི་བྷན་གཞུང་གིས་དཀའ་ངལ་སྤྲད་རྒྱུ་ཡིན་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་གི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

མ་འོངས་པའི་པ་ཀི་སི་ཐན་དང་དེའི་ཕྱི་མི་ཕྱིར་འཕུད་ཀྱི་སྲིད་བྱུས།

པ་ཀི་སི་ཐན་གཞུང་གིས་ཕྱི་ཕྱོགས་ནས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། ཕྱི་མི་ཕྱིར་འཕུད་གཏོང་རྒྱུ་ཡིན་འདུག་ལ། གལ་སྲིད་ཕྱི་མི་ཕྱིར་མ་ལོག་ཚེ་བཙོན་འཇུག་བྱས་ནས་ཟས་དང་སྨན་སོགས་ཡོད་པའི་བཙོན་ཁང་ཞིག་ནང་བཅུག་སྟེ་རྒྱལ་ཁབ་སོ་སོས་བདག་པོ་མ་བརྒྱབས་བར་བཙོན་འཇུག་བྱེད་རྒྱུ་ཡིན་འདུག

 པ་ཀི་སི་ཐན་ནང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱེད་ཀྱི་ཡོད་ཀྱང་། རྒྱལ་ནང་གི་ཁྲིམས་ལུགས་དེ་ཧ་ཅང་མགོ་རྙོག་ཅན་ཞིག་ཡོད་པར་རྗོད་ཀྱི་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།