པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་སོང་།

པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལོ་རྟག་པར་བོད་ནང་དང་རྒྱལ་སྤྱིའི་ནང་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཆེད། བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར་དེ་རིང་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་སོང་།
ཕྱི་ཚེས་༡༥ ཉིན་སཱ་ར་བོད་ཀྱི་མཐོ་སློབ་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ལ་རྗེས་དྲན་གྱི་ཆེད་དུ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་ཉིན་མོ་སྲུང་བརྩི་ཞུས་སོང་ལ། སྐབས་དེར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་སྨིན་སྣང་མཛེས་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་ག་དུས་གསར་འཛུགས་གནང་བའི་སྐོར་བརྗོད་དོན། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནི་ཕྱི་ལོ་༡༩༩༩ ཟླ་བ་༣ ཚེས་ ༡༧ ཉིན་རྡ་སའི་ཉེ་འཁོར་ནོར་གླིང་དུ་གསར་འཛུགས་གནང་ཡོད་པ་དང་། ཚོགས་པ་དེ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་ཤེས་ཡོན་པའི་དཔུང་སྡེ་ཞིག་ཡིན་པ་སོགས་བརྗོད་པ་དང་། གཞན་ཡང་ཁོང་མོས་གསར་འགོད་པའི་དྲི་བ་ལན་འདེབས་སྐབས། མ་འོངས་པར་བོད་ཀྱི་རྩ་དོན་ཆེད་དུ་བོད་པ་མི་རེ་ངོ་རེ་ནས་རྩོམ་རིགས་ལམ་ནས་འཐབ་རྩོད་བྱེད་རྒྱུ་གལ་ཆེན་ཡིན་པར་བརྗོད་སོང་།
དེ་བཞིན་སྐབས་སཱ་ར་མཐོ་སློབ་ཀྱི་དགེ་རྒན་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྒན་རྡོ་རྗེ་ཚེ་རིང་གིས་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་གཞན་ཕྱི་རྒྱལ་གྱི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་གཞན་གསུམ་གྱི་ངོ་སྤྲོད་དང་། དེ་དག་རྒྱལ་ཁབ་གང་ནས་ཡིན་པ་སོགས་ཀྱི་ལོ་རྒྱུས། རྒྱུ་མཚན་གང་ལ་བརྟེན་ནས་བཙོན་འཇུག་བྱས་མིན་བཅས་ཀྱི་ངོ་སྤྲོད་གནང་དོན་ལ། ཐོག་མར་ (Iryna Danylovych) ཟེར་བ་དེ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་དང་གསར་འགོད་པ་ཞིག་ཡིན་འདུག་ལ། ཁོང་མོ་ནི་ཡུག་རེན་གྱི་ས་ཆ་ད་ལྟ་ཨུ་རུ་སུས་བཙན་བཟུང་བྱས་པའི་ཁེར་མེ་ཡའི་ནང་སྐྱེས་ཡོད་འདུག་ལ། ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཁེར་མེ་ཡའི་ནང་བཙན་འཛུལ་བྱེད་དུས་ས་ཁུལ་དེ་དག་གི་ནང་ཡོད་པའི་མི་མང་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཆེན་པོ་ཕྱིན་པའི་སྐབས་སུ། མོས་མི་མང་གི་བདེ་སྡུག་གླེང་སློང་བྱས་པའི་རྐྱེན་གྱིས་ཨུ་རུ་སུས་ཕྱི་ལོ་༢༠༢༣ ནང་བཙོན་འཇུག་བྱས་ཡོད་འདུག

དེ་བཞིན་(Maria Cristina Garrido Rodriguez)ཟེར་བའི་བུད་མེད་དེ་སྙན་ངག་པ་དང་ལས་འགུལ་བ་ཞིག་ཡིན་འདུག མོ་ནི་ཁེའུ་བྷ་རྒྱལ་ཁབ་ནང་སྐྱེས་ཡོད་ཅིང་། ཕྱི་ལོ་༢༠༢༡ ནང་མོས་ཁེའུ་བྷ་གཞུང་གི་ལམ་ལུགས་ནང་འགྱུར་ལྡོག་དགོས་པའི་ངོ་རྒོལ་དང་མི་མང་གི་སྣེ་ཁྲིད་པར་བརྟེན། ཕྱི་ལོ་༢༠༢༢ ལོར་མོ་འཛིན་བཟུང་བྱས་ནས་ཁྲིམས་ཆད་ལོ་བདུན་ཕོག་ཡོད་འདུག (Soulaiman Raissouni )ཟེར་བ་ཁོང་མོ་རོ་ཀོའི་རྒྱལ་ཁབ་ནས་ཡིན་ཞིང་། ཁོང་གསར་འགོད་པ་ཞིག་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། དེ་བཞིན་ཚགས་པར་ཞིག་གི་རྩོམ་སྒྲིག་པ་ཡང་ཡིན་འདུག ཁོས་མོ་རོ་ཀོའི་རྒྱལ་ཁབ་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དག་ལ་སྐྱོན་བརྗོད་བྱས་པ་དང་། གཞུང་གི་དྲང་བདེན་མ་ཡིན་པའི་གནད་དོན་དག་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་ཁོང་བཙོན་འཇུག་བྱས་ཡོད་འདུག
བོད་ནང་གི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོའམ་སྒོ་ཤེར་ལགས་འདས་ལོར་ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག་པ་དང་། སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༧༦ ཟླ་ ༩ ཚེས་ ༩ ཉིན་རྔ་བ་རྫོང་ཁ་ཤི་སྡེ་པའི་ཕ་སྒོ་བརྩོན་དང་མ་སྒྲོལ་དཀར་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒར་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ཡས་མས་སུ་རྒྱ་གར་ནང་ཡོང་སྟེ་ཕྱིས་སུ་ཕྱིར་ལོག་ནས་མུ་མཐུད་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་འདུག ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་སྐབས། ཁོང་གིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཕར་ཕྱིན་དམ་བཅའ་འཇོག་སྐབས་བཤམས་ཡོད་ལུགས་ཀྱིས་འཛིན་བཟུང་གིས་ལོ་བཞིའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་བ་དང་། དེའི་རྗེས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་ཁོང་རྒྱུ་རྐྱེན་གང་ཡིན་གསལ་ཆ་མེད་པར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་སོགས་བརྗོད་སོང་།
དེ་རྗེས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིི་དང་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས་ད་ལྟའི་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ནང་གི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་འགྲུབ་དང་། ཟངས་དཀར་འཇམ་དབྱངས། གངས་སྐྱེས་སྒྲུབ་པ་སྐྱབས། བོད་རུས་པའམ་ཡང་སྲང་རྣམ་ལགས་ཀྱི་སྐོར་ལ། ཁོང་རྣམས་ཀྱི་ངོ་སྤྲོད་དང་ག་དུས་བཙོན་འཇུག་བྱས་མིན་སོགས་ཀྱི་སྐོར་ངོ་སྤྲོད་བྱས་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
