ཕན་བདེ་གཞིས་གྲོང་དབུ་འབྱེད།


མོན་གྷོ་འདོད་རྒུ་གླིང་དུ་ཕན་བདེ་གཞིས་གྲོང་གསར་རྒྱག་ལེགས་པར་གྲུབ་སྟེ་ནང་སྲིད་དྲུང་ཆེས་དབུ་འབྱེད་གནང་འདུག
ཕྱི་ཟླ་༥ པའི་ཚེས་༣༠ ཉིན་ནང་སྲིད་དྲུང་ཆེས་མོན་གྷོ་འདོད་དགུ་གླིང་དུ་བོད་མིའི་གཞིས་གྲོང་གསར་པ་ཞིག་དབུ་འབྱེད་གནང་ཡོད་ཅིང་།
གཞིས་གྲོང་གསར་པ་དེའི་མིང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕན་བདེ་གཞིས་གྲོང་ཞེས་གསོལ་བསྩལ་གནང་བ་ཞིག་ཡིན་འདུག
དུས་དེར་སྔ་འགྱུར་རྡོར་གྲགས་གསང་སྔགས་ཆོས་འཁོར་གླིང་གི་དགེ་འདུན་པ་ཁག་གཅིག་གདན་དྲངས་ཏེ་ཐོག་མར་ཤིས་བརྗོད་གསུངས། རིམ་གྱིས་གཞིས་གྲོང་གསར་རྒྱག་ཆེད་ས་ཆ་ཞལ་འདེབས་གནང་མཁན་ཁྱིམ་ཚང་དང་། ཁང་བཟོའི་འཆར་འགོད་པ། བོགས་ལེན་པ་རྣམས་ལ་དྲན་རྟེན་རེ་གནང་རྗེས་ནང་མི་རྣམས་ལ་ཁང་པའི་ལྡེ་མིག་བགོ་འགྲེམས་གནང་ཡོད་པ་དང་། སྐབས་དེར་ལྷོ་སྤྱི་དང་ས་གནས་འགོ་འཛིན། དེ་བཞིན་ཁང་བཟོའི་འཆར་འགོད་པས་གཙོས་མི་མང་མཉམ་ཞུགས་གནང་ཡོད་འདུག
གཞིས་གྲོང་དེ་ནི་བཙན་བྱོལ་བོད་མི་འཁོས་ཞན་དང་བོད་ནས་རྗེས་འབྱོར་བ་རྣམས་ལ་དམིགས་ནས་བཀའ་ཤག་གོང་མའི་སྐབས་སུ་འགོ་བཙུགས་ཡོད་ཀྱང་ཏོག་དབྱིབས་ན་ཚས་རྐྱེན་པས་བར་མཚམས་འཇོག་དགོས་བྱུང་ཞིང་། ༢༠༢༢ ཟླ ༡༠ ནང་ཁང་པ་གསར་རྒྱག་གྲུབ་པ་དང་། ༢༠༢༣ ཟླ ༠༣  ནང་གཞིས་གྲོང་གི་ཕྱིའི་བཀོད་པ་དང་ཆུ་གློག་སོགས་ཀྱི་མཐུན་རྐྱེན་ཁག་གྲུབ་རྗེས། ༢༠༢༣ ཟླ་བ་ ༠༥ ཚེས་ ༢༨ ཉིན་མོན་གྷོ་ས་གནས་འགོ་འཛིན་དང་ནང་སྲིད་སྐུ་ཚབ་གཉིས་ཀྱིས་ཁང་མིག་རྣམས་རྒྱན་ཤོག་བརྒྱུད་བགོ་འགྲེམས་གནང་ཡོད་འདུག
གཞིས་གྲོང་དེར་ཁྱོན་ཁང་པ་བཞི་བཅུ་ཡོད་འདུག་པ་དང་དེའི་ནང་ནས་ཁང་མིག་༢༤ ནང་མི་གཉིས་ཅན་རྣམས་ལ་བགོ་འགྲེམས་དང་། ཁང་མིག་ ༡༦ ནང་མི་གཉིས་ལས་མང་བའི་ཁྱིམ་ཚང་ལ་བགྲོ་འགྲེམས་གནང་ཡོད་འདུག གཞིས་གྲོང་གསར་རྒྱག་ལས་གཞིའི་འགྲོ་གྲོན་ཁྱོན་ཧིན་སྒོར་བྱེ་བ་ ༤.༢༩ ཡིན་པ་ལྟར། གཞུང་ལམ་དང་ཆུའི་མཐུན་རྐྱེན་ཆེད་ཇར་མན་རོགས་ཚོགས་ (GAT) ནས་ཧིན་སྒོར་འབུམ་ ༢༩.༨༣ དང་། ས་མཚམས་གྱང་དང་རྒྱལ་སྒོའི་ཆེད་ཨ་རིའི་རོགས་ཚོགས་ (PRM) ནས་ཧིན་སྒོར་འབུམ་ ༣༨.༩༦། ས་གནས་དགོན་སྡེ་ཁག་ནས་ཧིན་སྒོར་འབུམ་ ༥.༧༦ ཞལ་འདེབས་གནང་ཞིང་། དེ་འཕྲོས་འགྲོ་གྲོན་བརྒྱ་ཆ་ ༨༤ བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ནས་མཁོ་གཏོང་གནང་བར་བོད་མིའི་སྒྲིག་འཛུགས་དྲྭ་བ་རུ་འཁོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།