ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མའི་ཉི་ཧོང་གི་འཚམས་གཟིགས་ལེགས་གྲུབ།


བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཉི་ཧོང་དུ་བདུན་གཅིག་རིང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན།

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༠ ཉིན་ནས་ཕྱི་དྲིལ་བཀའ་བློན་ལགས་ཉི་ཧོང་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེ་ཕེབས་ཡོད་པ་དང་། ཐོག་མར་ཉི་འོང་སྐུ་ཚབ་དོན་ཁང་དུ་ཕེབས་ཏེ་སྐུ་ཚབ་དོན་གཅོད་དང་ལས་བྱེད་ལྷན་ཐེངས་འདིའི་མཛད་འཆར་སྐོར་གོ་བསྡུར་གནང་ཞིང་། ཉིན་རྒྱབ་སྐུ་ཚབ་དོན་ཁང་དུ་ཉི་འོང་བོད་དོན་རྒྱབ་སྐྱོར་བ་དང་ལྷན་དུ་མཇལ་མོལ་གནང་ཡོད་འདུག
དེ་རྗེས་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འཚམས་འདྲི་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་དང་།   བོད་དོན་བདེན་མཐའ་བསལ་རྒྱུ་དང་། བཙན་བྱོལ་བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུའི་སྐོར་དང་། བཙན་བྱོལ་ནང་གི་མང་གཙོ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྐོར་སོགས་ངོ་སྤྲོད་དང་གཏམ་བཤད་གནང་འདུག
དེ་བཞིན་ཉི་ཧོང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གིས་ཕྱི་དྲིལ་བཀའ་བློན་ལགས་ཕེབས་བསུ་ཞུས་པ་དང་འབྲེལ། ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་དང་། ཚོགས་པ་དེ་དག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་དོན་བདེན་མཐའ་བསལ་ཐབས་ལ་འབད་རྩོལ་གནང་མུས་ཡིན་སྐོར་གསུངས་ཡོད་འདུག

གཞན་ཡང་ཕེབས་བསུ་ལྟར་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་ཕེབས་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས། ཉི་ཧོང་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོན་པོ་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་གྲངས་བརྒྱ་ལྷག་ཡོད་པས། གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་ཐུབ་ཡོད་པའི་སྐོར་སོགས་གསུང་བཤད་གནང་འདུག དེ་བཞིན་ཕྱི་དྲིལ་བཀའ་བློན་གྱིས་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་འབད་རྩོལ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་བཟོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བོད་ནི་ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་ཚུལ། གཙང་ཆུ་དེ་དག་གཤམ་འོག་ཏུ་གནས་པའི་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་གི་འཚོ་རྟེན་དུ་གྱུར་ཡོད་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་པའི་སྐོར་དང་། མ་འོངས་པར་ཡང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་ལ་སྨན་པའི་རྒྱབ་སྐྱོར་ཕན་གྲོགས་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་ཡོད་པ་རེད།


གཞན་ཡང་ཁོང་གིས་རྩ་ཁྲིམས་ལྡན་པའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སོགས་མཇལ་འཕྲད་ཀྱིས་ཐུགས་རྗེ་ལེགས་འབུལ་དང་བོད་དོན་གཏམ་བཤད་གནང་བ་མ་ཟད། ཉི་ཧོང་གི་ཆི་བ་འཕྲུལ་ལས་བསྟི་གནས་ཁང་དང་། གཙུག་ལག་སློབ་གཉེར་ཁང་གཉིས་སུ་ཆེད་ཕེབས་ཀྱིས་བོད་དང་རྒྱལ་སྤྱིའི་འབྲེལ་བ། བོད་དོན་ངོ་སྤྲོད་དང་། གསར་འགོད་པའི་བཅར་འདྲིར་དང་ལེན། གསར་འགོད་གསལ་བསྒྲགས། དཔེ་དེབ་དབུ་འབྱེད་སོགས་གནང་ཡོད་འདུག དེ་བཞིན་སྐུ་ཚབ་དོན་ཁང་དུ་ས་གནས་བོད་རིགས་དང་མཇལ་འཕྲད་གནང་སྟེ་ཐེངས་འདིའི་འཚམས་གཟིགས་ཀྱི་དམིགས་ཡུལ་དང་། འཚམས་གཟིགས་སྐབས་ཆབ་སྲིད་དང་། སྤྱི་ཚོགས་བདེ་དོན། ཤེས་ཡོན་དང་འབྲེལ་བའི་མཛད་འཆར་ཁག་གང་ལེགས་བྱུང་ཡོད་སྐོར་གསལ་བཤད་དང་འབྲེལ། བོད་མི་རྣམས་ནས་རྩ་བའི་དམིགས་ཡུལ་མ་བརྗེད་པའི་ཐོག་རྡོག་རྩ་ཆིག་སྒྲིལ་ངང་ནས་གནས་དགོས་པའི་ལམ་སྟོན་གནང་།
ཚེས་ ༡༥ ཉིན་ལྷོ་སོག་ལྷན་ཚོགས་དང་། ཉི་ཧོང་སྐུ་ཚབ་དོན་ཁང་། ཐེ་ཝན་མང་གཙོའི་སློབ་གྲྭ་གསར་པ་མཉམ་སྦྲེལ་གྱི་གོ་སྒྲིག་འོག་ཕྱི་ལོ་ ༡༩༡༣ ལོའི་བོད་སོག་ཆིངས་ཡིག་བཞག་ནས་ལོ་ངོ་ ༡༡༠ འཁོར་བའི་དུས་དྲན་སྲུང་བརྩི། ཉི་ཧོང་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསར་འགོད་གསལ་བསྒྲགས་སོགས་ཏེ། བདུན་ཕྲག་གཅིག་རིང་གི་ཕྱི་དྲིལ་བཀའ་བློན་ལགས་ཀྱིས་གཞུང་འབྲེལ་འཚམས་གཟིགས་སྐབས་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་། གཙུག་ལག་སློབ་གྲྭ་ཁག ཀྲོག་ཡོ་གཙུག་ལག་སློབ་གཉེར་ཁང་གི་བོད་སོག་རིག་གཞུང་དང་ཆོས་ཕྱོགས་ཚོགས་འདུའི་ཐོག་གསུང་བཤད། གསར་འགོད་གསལ་བསྒྲགས། དཔེ་དེབ་དབུ་འབྱེད། ས་གནས་བོད་རིགས་དང་ཐུག་འཕྲད་གནང་བ་སོགས་ཀྱིས་ཐེངས་འདིའི་འཚམས་གཟིགས་ལེགས་པར་གྲུབ་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།