ཕྱི་དྲིལ་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་སྐུ་གྲོངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཉེ་ཆར་ཕྱི་དྲིལ་བཀའ་ཟུར་དམ་པ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་སྐུ་གྲོངས་ཡོད་འདུག་པས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གིས་ཉིན་རྒྱབ་ཆུ་ཚོད་༣ པ་ནས་ལས་མཚམས་བཞག་སྟེ་བསྔོ་སྨོན་གསུང་འདོན་གྱིས་དམ་པ་ཁོང་ལ་མྱ་ངན་ཞུས་འདུག

ཕྱི་ཟླ་༣ ཚེས་༡༢ ཉིན་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ཁེ་ན་ཊ་རུ་ཡོད་པའི་ཁོང་གི་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་འདུག་པར་བརྟེན། ཕྱི་ཚེས་༡༤ ཉིན་རྒྱབ་ཆུ་ཚོད་༣ པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ལས་མཚམས་བཞག་སྟེ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་གཙོས་པའི་སྲི་ཞུའི་ལས་བྱེད་རྣམས་ཀྱིས་སྲིད་སྐྱོང་ཚོགས་ཁང་དུ་བསྔོ་སྨོན་གསུང་འདོན་གྱིས་དམ་པ་ཁོང་ལ་མྱ་ངན་ཞུས་འདུག གཞན་ཡང་བཀའ་ཤག་གི་བློ་ཕམ་དང་སྦྲགས། 

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས། ཕྱི་དྲིལ་བཀའ་ཟུར་ཁོང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་དྲིལ་ལས་ཁུངས་ནས་མྱ་ངན་གུས་འདུད་ཞུས་ཐོག དམ་པ་ཁོང་གིས་ཕྱི་དྲིལ་ལས་ཁུངས་ཀྱི་མཚན་སྙན་དང་ལས་ཁུངས་འདི་ཉིད་ཡར་རྒྱས་གོང་འཕེལ་སླད་སྐུ་ངལ་འཛེམ་མེད་སྐྱོན་ཡོད་པའི་སྐོར་དང་། དེ་བཞིན་ཁོང་གི་ཤུལ་ལུས་ནང་མི་ལྷན་རྒྱས་ལ་ཐུགས་གསོ་གནང་འདུག 
དམ་པ་ཁོང་ནི། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བར་འཁོད་པ་ལྟར་ན། ཕྱི་ལོ་ ༡༩༣༣ ལོར་ཆབ་མདོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས། ཕྱི་ལོ་ ༡༩༦༤ ལྡི་ལི་སྐུ་ཚབ་དོན་གཅོད་ཕྱག་རོགས་གནང་། ཕྱི་ལོ་ ༡༩༦༦ ལོར་སྐུ་སྒེར་ཡིག་ཚང་དུ་གསུང་བསྒྱུར་དང་ཆབས་ཅིག་ཕྱི་འབྲེལ་བཀའ་བློན་ཕྱག་རོགས་ཀྱི་ཐུགས་འགན་བཞེས།  ཕྱི་ལོ་ ༡༩༦༧ ལོར་མོན་གྷོ་བོད་མིའི་གཞིས་ཆགས་ཐོག་མར་འཛུགས་སྐབས་གཞིས་འགོ་གནང་། ཕྱི་ལོ་ ༡༩༦༨ ནས་ ༡༩༧༥ བར་ལྷོ་གཞིས་ཁག་གི་གཞིས་སྤྱི་དང་ཆབས་ཅིག་ཤེས་རིག་བཀའ་བློན་གྱི་ཕྱག་རོགས་དང་། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི། མ་སུ་རི་བོད་ཁྱིམ་གྱི་ཚོགས་མི་བཅས་ཀྱི་འགན་བཞེས།

ཕྱི་ལོ་ ༡༩༧༥ ལོར་དགོངས་པ་ཞུས་ནས་ཁེ་ན་ཌར་ཏེ་ (United  World) མཐོ་རིམ་སློབ་གྲྭའི་དགེ་རྒན་ལོ་བཞི་དང་། སྦི་ཌིཤ་ཀོ་ལམ་སྦི་ཡ་ཞེས་པའི་ས་གནས་སུ་མི་མང་བདེ་དོན་ཆེད་ཕྱག་ལས་གནང་།  ཕྱི་ལོ་ ༡༩༩༦ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ལྟར་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༢ ནས་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༤ བར་ཕྱི་དྲིལ་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༢ དགོང་དྲོ་ཆུ་ཚོད་ ༩།༠༥ ཙམ་ལ་ཁེ་ན་ཊའི་གཟིམ་ཤག་ཏུ་སྐུ་གྲོངས་པ་ཞིག་ཡིན་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།