བཀའ་ཤག་གིས་བོད་མི་ཚོར་སྔོན་འགོག་སྨན་ཁབ་ཀྱི་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་།

བཀའ་ཤག་ནས་བོད་མི་ཚོར་སྒེར་གྱིས་སྔོན་འགོག་སྨན་ཁབ་ཉོས་ནས་རྒྱག་དགོས་པ་དང་། ཉོ་བྱེད་ཀྱི་འགྲོ་གྲོན་དབུས་ནས་གཏོང་རྒྱུ་ཡིན་སྐོར་བསྒྲགས་སོང་།

དེ་རིང་རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གསལ་བསྒྲགས་ཤིག་གནང་སོང་བའི་ནང་། ཁོང་གིས་ནད་ཡམས་འགོག་པའི་ཐབས་ལམ་ནི་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ལས་མེད་པར་བརྟེན། རྒྱ་གར་དབུས་གཞུང་ནས་སྔོན་འགོག་སྨན་ཁབ་ཀྱི་མཐུན་རྐྱེན་རག་མཁན་གྱི་བོད་མི་ཚོས་མུ་མཐུད་བཞེས་དགོས་པ་དང་།གཞུང་ནས་མཐུན་རྐྱེན་མི་རག་མཁན་ཚོས་སྒེར་གྱི་ཉོས་ཏེ་རྒྱག་དགོས་པ་དང་། ཉོ་བྱེད་ཀྱི་འགྲོ་གྲོན་བཀའ་ཤག་ནས་གཏོང་རྒྱུ་ཡིན་ཞེས་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་བརྒྱུད་དེ་བཏང་བའི་གསལ་བསྒྲགས་དེའི་ནང་། སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གཞུང་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད། བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་མང་པོ་ཞིག་ལ་སྔོན་ཁབ་རྒྱག་པའི་གོ་སྐབས་བྱུང་བ་རེད།སྔོན་ཁབ་དེ་རྒྱ་གར་རང་ལ་དཀོན་པོའམ་ཉུང་དུ་འགྲོ་ཡི་ཡོད་པ་དེ་གསལ་པོ་ཞེ་དྲག་རེད་འདུག ཡིན་ན་ཡང་། སྟབས་ལེགས་པ་ཞིག་ལ། ཁ་སང་ Serum Institute ཡི་སྤྱིན་བདག་གིས་ག་རེ་གསུངས་སོང་ཟེར་ན། ད་རིང་ནས་བཟུང་སྟེ་སྔོན་ཁབ་ག་ཚོད་བྱུང་ན་ཡང་བརྒྱ་ཆ་ལྔ་བཅུ་དབུས་གཞུང་ལ་འཚོང་རྒྱུ་དང་། དེ་ནས་མངའ་སྡེ་གཞུང་། དེ་ནས་སྒེར་ལའང་འཚོང་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་ཡོང་དུས། རྒྱ་གར་གཞུང་ནས་མཐུན་རྐྱེན་རག་པ་དེ་དག་གིས་བཞེས་ནས་སྔོན་ཁབ་མུ་མཐུད་ནས་སྐྱོན་རོགས་གནང་། མ་རག་ཚེ་སྔོན་ཁབ་རྒྱག་རྒྱུ་མ་གཏོགས་ཐབས་ལམ་མེད་ཡོང་དུས། ཉོ་དགོས་བྱུང་ན་ཉོ་རོགས་གནང་། ཉོས་ནས་ཁབ་དེ་ཡིན་གཅིག་མིན་གཅིག་སྐྱོན་རོགས་གནང་། གཞི་རྩའི་ཆ་ནས་ཉོ་རྒྱུ་དེ་ང་ཚོ་དབུས་ནས་ཐབས་ཤེས་བྱེད་རྒྱུ་ཡིན། ཡིན་ན་ཡང་། ཡག་ཤོས་བྱུང་ན་ས་གནས་ས་ཐོག་ནས་སྔོན་ཁབ་དེ་གང་དུ་ཉོ་རྒྱུ་ཡོད་ན་ཡང་ཉོ་རོགས་གནང་། དེའི་འགྲོ་སོང་དེ་དབུས་རང་ངམ་བཀའ་ཤག་རང་ནས་གཏོང་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན་ཞེས་བསྒྲགས་སོང་།

དེ་མིན་ད་དུང་། སྲིད་སྐྱོང་གིས་ནད་ཡམས་སྔོན་འགོག་ཆེད་གཞིས་ཆགས་ཚང་མ་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ནས་བདུན་ཕྲག་གཅིག་རིང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་སོང་།

ཁོང་གིས་འབྲེལ་ཡོད་སྨན་པ་དང་གཞི་ཆགས་ཆེ་ཁག་གི་ས་གནས་འགོ་འཛིན་དང་མཉམ་དུ་བཀའ་བསྡུར་གནང་ནས་གནས་སྐབས་རིང་སྒོ་བརྒྱབ་ན་མ་གཏོགས་ཐབས་ལམ་རྩ་བ་ནས་མི་འདུག་ཅེས་གསུང་གི་འདུག དེ་ཡིན་དུས། ད་ལན་གཟའ་ཟླ་བ་ནས་འགོ་བཙུགས་ནས་རྗེས་མའི་གཟའ་ཉི་མ་བར་དུ་གཞིས་ཆགས་ཁང་ཚང་མ་སྒོ་བསྐྱོན་རོགས་གནང་ཞེས་ཞུ་རྒྱུ་ཡིན། ད་ལན་རྣམ་པ་ཚོ་ལ་གཟའ་པ་སངས་དང་།སྤེན་པ། ཉི་མ་བཅས་ཉིན་མ་གསུམ་གྱི་ནང་དུ་གནང་དགོས་པའི་གྲ་སྒྲིག་གནང་དགོས་ཀྱི་ཡོད་རེད། གཞིས་ཆགས་ཁག་ལ་ཛ་དྲག་གིས་གནང་དགོས་པ་ཡོད་ན་གནང་བའི་དོན་དུ་ཕར་འགྲོ་ཚུར་འགྲོ་ཕན་པའི་དོན་དུ་ཡིན་ཞེས་བསྒྲགས་སོང་།

གསར་འགོད་པ་དཀོན་མཆོག་རབ་བརྟན།