བཀྲ་ཤིས་དབང་འདུས་ཀྱིས་སྲིད་སྐྱོང་ལ་ལངས་དགོས་པའི་རྒྱུ་མཚན་གསུམ་བསྒྲགས་སོང་།
ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་སྲིད་སྐྱོང་གི་འོས་མི་གསར་པ་བཀྲ་ཤིས་དབང་འདུས་ཀྱིས་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁོང་སྲིད་སྐྱོང་ལ་ལངས་དགོས་པའི་དམིགས་ཡུལ་རྒྱུ་མཚན་གསུམ་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེ་གོ་སྒྲིག་བྱེད་མཁན་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ཀྱི་ན་གཞོན་རྒྱབ་སྐྱོར་ཚོགས་པ་ཡིན་པ་དང་། ཁོང་སྲིད་སྐྱོང་གི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུམ་ནི། གཅིག། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་འགན་འཁྱེར་རྒྱུའི་གོ་སྐབས་ཤིག་བྱུང་ན་༧གོང་མཆོག་གི་བཀའ་དགོངས་བཞིན་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུའི་སྐལ་པ་བཟང་པོ་ཡིན་བསམ་གྱི་ཡོད།
གཉིས་པ། བར་ལམ་ཞིག་ནས་རང་རེའི་སྤྱི་ཚོགས་ནང་བོད་སྤྱི་པའི་དོན་ལ་ལྷག་བསམ་སེམས་འཁུར་གནང་མཁན་ཁག་ཅིག་གིས་གུས་པ་སྲིད་སྐྱོང་འོས་མིར་ལངས་དགོས་པའི་རེ་འདུན་གནང་བ་དང་། གུས་པ་ཡང་མི་ལོ་༢༠ ལྷག་རིང་ཕྱི་འབྲེལ་དང་གཞིས་ཆགས། ཚོང་འབྲེལ་སོགས་ཀྱི་ཞབས་ཞུའི་ཉམས་མྱོང་ཡོད་པར་བརྟེན། ད་ཆ་སྲིད་སྐྱོང་གི་འགན་འཁྱེར་རྒྱུའི་གདེང་ཚོད་དང་སྤོབས་པ་ཡོད་པའི་ཐོག་ནས་སྲིད་སྐྱོང་འོས་མིར་ལངས་ཀྱི་ཡོད།
གསུམ་པ། བོད་རྒྱ་གྲོས་མོལ་བསྐྱར་གསོ་དང་། སྒྲིག་འཛུགས་སྲ་བརྟན། གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན། སྤྱི་ཚོགས་ཡར་རྒྱས་ཀྱི་དཔལ་འབྱོར་ཡར་རྒྱས་སོགས་ཛ་དྲག་གི་ལས་གཞི་བྱ་དགོས་རིགས་མང་པོ་ཡོད་པར་བརྟེན། དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་གང་མྱུར་སྒྲུབ་ཆེད་སྲིད་སྐྱོང་འོས་མིར་ལངས་པ་ཡིན།
སྐུ་ཉིད་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་དེ་བོད་རྒྱ་གྲོས་མོལ་ཡིན་སྐོར་གསུངས་སོང་བས། གྲོས་མོལ་ཡོང་ཐབས་ཀྱི་ཐབས་ལམ་ག་རེ་དགོས་པ་རེད་དགོངས་ཀྱི་ཡོད་ཅེས་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས། “བོད་དོན་དཀའ་ངལ་སེལ་ཐབས་ཡག་ཤོས་དེ་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་སེལ་ཐུབ་པ་ཡིན་ན། རྒྱ་ནག་གཞུང་ལ་ལས་སླ་ཤོས་དང་། སྐལ་བ་བཟང་ཤོས་ཤིག་རེད་བསམ་གྱི་འདུག ༧སྐྱབས་མགོན་པོ་ཆེའི་དེའི་ཐོག་བཀའ་སློབ་ག་རེ་ཡོད་དང་། ལངས་ཕྱོགས་ག་རེ་ཡིན་པ་དེ་རྒྱ་ནག་གི་དབུ་ཁྲིད་ཚོར་ཁ་གསལ་དོན་རྟོགས་ཐུབ་པ་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག སྤྱིར་བཏང་འཛམ་གླིང་གི་འཕོ་འགྱུར་ལ་བལྟས་ན་འགྱུར་བ་དེ་ཁྱད་མཚར་འགྲོ་ཡི་ཡོད་རེད། ལྷོ་ཨ་ཧྥི་རི་ཀའི་ནང་ཨ་ཕར་ཐཱེ་ཌི་(Aparthied) གཞུང་ལ་ཤུགས་རྐྱེན་ཞེ་དྲག་ཡོད་རེད། འཛམ་གླིང་གི་སུ་གཅིག་གིས་འགྱུར་བ་དེ་འདྲ་འགྲོ་ཡི་རེད་བསམ་ཡོད་པ་མ་རེད། ཡིན་ཡང་དཔོན་རིགས་གསར་པ་ཞིག་སླེབས་ཡོང་སྐབས། ཟླ་བ་ཁ་ཤས་ནང་ལུང་པ་རང་དབང་ཆགས་པའི་འགྱུར་བ་སོང་རེད་”ཅེས་ཁོང་གིས། འཛམ་གླིང་ཐོག་འཇར་མན་སོགས་ལ་འགྱུར་བ་སོང་བ་ཁག་ཅིག་ལུང་འདྲེན་བྱས་པ་དང་། དེ་བཞིན་རྒྱ་ནག་ནང་མང་གཙོ་དོན་གཉེར་བ་ཤུགས་ཆེན་པོ་ཡོད་པས། རྒྱ་ནང་དུ་ཡང་འགྱུར་བ་འགྲོ་སྲིད་པ་སོགས་ཀྱི་གནས་སྟངས་འོག་བོད་ཀྱི་དཀའ་ངལ་སེལ་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་སོང་།
བཙན་བྱོལ་ནང་གི་གནས་བབས་དང་འབྲེལ་ནས་ཁྱེད་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུམ་པའི་ནང་དོན་ཁག་གི་ནང་དམིགས་བསལ་ཤུགས་སྣོན་རྒྱག་ས་དང་། དེ་སྔོན་གྱི་གཞུང་གིས་འཐུས་ཤོར་སོང་བའི་རིགས་ངོས་འཛིན་བྱེད་རྒྱུ་ཡོད་མེད་སྐོར་བཅར་འདྲི་བྱས་པར། བཀྲ་ཤིས་དབང་འདུས་ཀྱིས། “དོན་ཚན་བཞི་དེ་གལ་ཆེན་དུ་བརྩི་ཡི་ཡོད། ༡ བོད་རྒྱ་འབྲེལ་མོར་སླར་གསོ་དེ་གལ་ཆེ་ཤོས་རེད། འདས་པའི་ལོ་བཞི་རིང་ལ་གང་ཡང་བྱུང་ཡོད་པ་མ་རེད། ༢ སྒྲིག་འཛུགས་སྲ་བརྟན་བཟོ་རྒྱུར་སྲིད་ཇུས་གསར་པ་དགོས་པ་རེད་ལ། སྒྲིག་གཞི་གསར་པ་དང་། མི་མང་ཆིག་སྒྲིལ་རེད། མི་མང་ལ་སྒྲིག་འཛུགས་འདིར་ཡིད་ཆེས་སླེབས་ཐབས་བྱེད་དགོས་རེད། ཡིད་ཆེས་དེ་ཉམས་སོང་ན་བོད་དོན་བདེན་མཐའ་སེལ་རྒྱུར་དཀའ་ངལ་ཆགས་འགྲོ་ཡི་རེད། དེ་ཡོང་བར་གཞིས་ཆགས་སྲ་བརྟན་བཟོ་དགོས། ༣ ཤེས་ཡོན་ཡར་རྒྱས་ཀྱི་ནང་ནས་མི་རིགས་ཤིག་གནས་མིན་དེ་སྐད་ཡིག་ལ་རག་ལས་ཀྱི་རེད། བོད་དོན་བདེན་མཐའ་གསལ་བ་དང་། རྒྱལ་ཁབ་ཡོད་ནའང་སྐད་ཡིག་མེད་ན་ཕན་ཐོགས་མེད་པ་འདྲ་རེད། དེའི་ཐོག་རིག་གཞན་གཞན་ལ་མཁས་པ་རིགས་གཅིག་རྐང་འཛིན་སོགས་གལ་ཆེན་པོ་རེད། ༤ དཔལ་འབྱོར་ཡར་རྒྱས་གཏོང་དགོས་རེད། དེང་སྐབས་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཐུག་ས་དེ་དཔལ་འབྱོར་རེད་ལ། ཆབ་སྲིད་དཔལ་འབྱོར་གྱིས་ཁ་ལོ་བསྒྱུར་གྱི་ཡོད་པ་རེད། བོད་དོན་བདེན་མཐའ་གསལ་ཐབས་སུ་དཔལ་འབྱོར་གྱི་རྒྱབ་རྟེན་དགོས་རེད། མི་ལ་སེམས་ཤུགས་ཡོད་ནའང་དཔལ་འབྱོར་མེད་ན་ཁག་པོ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
ང་ཚོ་སྐྱབས་བཅོལ་ལ་ཡོང་ནས་ལོ་ངོ་ལྔ་བཅུ་ལྷག་འགྲོ་ཡི་ཡོད་པ་དང་། ད་སྔ་བར་དུ་བོད་རྒྱ་གྲོས་མོལ་ལ་ཤུགས་སྣོན་བརྒྱབ་ཀྱང་། དོན་འབྲས་མ་སོན་པ་དེར་བོད་པའི་ངོས་ནས་མ་འགྲིག་ས་དང་འཐུས་ཤོར་སོང་བའི་རིགས་ཡོད་པ་རེད་དགོངས་ཀྱི་ཡོད་དམ་ཅེས་བཅར་འདྲི་བྱས་པར། ཁོང་གིས། “རྒྱ་ནག་གི་དཔོན་རིགས་ཚོར་བརྡ་ལན་སྤྲོད་སྐབས། མི་རེ་རེས་འགྲེལ་བརྗོད་རེ་མ་ཡིན་པར། ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ག་རེ་གནང་བ་དེ་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད། མི་རེས་འགྲེལ་བརྗོད་རེ་བྱས་ནས་རྒྱ་ནག་གཞུང་མགོ་འཐོམ་རྒྱུའི་གནས་སྟངས་ཤིག་ཆགས་མེད་འགྲོ་བསམ་གྱི་འདུག ང་ཚོ་ཚང་མས་བོད་རྒྱ་འབྲེལ་མོལ་ཐོག་སླེབས་སྐབས། ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གནང་བ་དེ་བརྡ་ལན་འཕྲོད་དགོས་པ་རེད་བསམ་གྱི་འདུག”ཅེས་འགྲེལ་བརྗོད་གནང་སོང་།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔོན་ལས་དོན་བྱེད་ཕྱོགས་ཐོག་དང་། གཙོ་བོ་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་བསམ་ཚུལ་ཡོད་དམ་ཞེས་དྲིས་པར། ཁོང་གིས། “དེའི་ཐོག་བསམ་ཚུལ་མེད། ང་སྲིད་སྐྱོང་ཆགས་པའི་ཉིན་མོ་དེར་གཞུང་གི་ལངས་ཕྱོགས་དེའི་ཐོག་འགྲོ་དགོས་པ་ལས། ང་སྒེར་གྱི་ལྟ་བ་འདི་ཡིན་ཞེས་རྒྱ་མིར་སྐད་ཆ་བཤད་ས་ཞིག་ཡོད་པ་མ་རེད། མི་མང་བའི་བསམ་ཚུལ་དེ་རྒྱ་མི་ལ་བརྡ་ལན་སྤྲོད་དགོས་པ་དང་། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བཀའ་བསྒྲུབ་དགོས་པ་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
