བཙན་བྱོལ་བོད་མིའི་ཁྲིམས་དོན་བགྲོ་གླེང་།

ཕྱི་ཟླ་༥ ཚེས་༣༡ ཉིན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དང་ཨ་རིའི་གཞུང་འབྲེལ་མིན་པའི་ཁྲིམས་ལུགས་ཚོགས་པ་TJC གཉིས་ཀྱི་གོ་སྒྲིག་འོག དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་དོན་བགྲོ་གླེང་ཞེས་པའི་བགྲོ་གླེང་ཞིག་ཚོགས་ཡོད་པ་རེད།

unnamedསྔར་དྲོར TJC འགན་འཛིན་ཨ་ཡོ་ན་དང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་གཙོས་བོད་མིའི་ཁྲིམས་རྩོད་པ་དང་མཉམ་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དཀའ་ངལ་དང་། ཁྲིམས་དོན་ལས་འཆར། ཁྲིམས་ལུགས་ཚོགས་པ་གཉིས་ཇི་ལྟར་མཉམ་འབྲེལ་གྱིས་ཕྱག་ལས་གནང་ཐུབ་མིན་སོགས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་བྱས་ཡོད་པ་རེད།

ཉིན་གུང་རྗེས་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ས་གནས་བདེ་དོན། ས་གནས་འཐུས་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་སོགས་གདན་འདྲེན་གྱིས། བཙན་བྱོལ་བོད་མིའི་ད་ཡོད་ཁྲིམས་དོན་དཀའ་ངལ་དང་། ཚོགས་པ་སོ་སོའི་རང་ཉིད་ཀྱི་ཉམས་མྱོང་ནས་བྱུང་བའི་ཁྲིམས་དོན་མྱོང་ཚོར་དང་། དེའི་སྐོར་བསམ་ཚུལ་སོགས་ཕྱོགས་སྤུངས་ཀྱི་བགྲོ་གླེང་བྱས་ཡོད་པ་མ་ཟད། འབྱུང་གྱུར་བཙན་བྱོལ་བོད་ཀྱི་ཁྲིམས་དོན་ལས་འཆར་སོགས་ཀྱི་ཐད་ཀྱང་བགྲོ་གླེང་བྱས་སོང་།

ཨ་རིའི་TJC ནི་ལོ་ངོ་ཉི་ཤུ་ལྷག་གི་ལོ་རྒྱུས་ལྡན་པའི་ཁྲིམས་རྩོད་པ། ཁྲིམས་དོན་མཁས་དབང་མང་པོ་དང་བླངས་ཀྱིས་བཙུགས་པའི་ཚོགས་པ་ཞིག་ཡིན་པ་དང་། རྒྱུན་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་གནད་ཡོད་གཞུང་དང་ཚོགས་སྡེ་ཁག་ཏུ་བཙན་བྱོལ་བོད་ཀྱི་ཁྲིམས་དོན་དཀའ་ངལ་སེལ་ཐབས་སུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ད་བར་བཙན་བྱོལ་བོད་མིའི་ཁྲིམས་དོན་དང་། ཁྲིམས་ལུགས་གོ་རྟོགས་སོགས་ཀྱི་ཐད་ཞིབ་འཇུག་ཡིག་ཆ་གང་མང་སྤེལ་ཡོད་པ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་སོགས་སུ་ཕྱོགས་བསྐྱོད་ཀྱིས་རྟོགས་ཞིབ་ཀྱང་མང་པོ་བྱས་ཡོད་པ་རེད།
བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་ཕྱི་ལོ་༢༠༡༣ ལོར་བཙུགས་ཡོད་པ་དང་། དེ་ནི་བཙན་བྱོལ་ཏུ་བྱུང་བའི་ཁྲིམས་ལུགས་ཚོགས་པ་ཐེངས་དང་པོ་དང་ཡིན་ལ། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཡུལ་ཁྲིམས་གོ་རྟོགས་དང་ཁྲིམས་དོན་ཉམས་ཞིབ་བྱེད་རྒྱུ་སོགས་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།