བཙན་བྱོལ་བོད་མིའི་ཁྲོད་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་ཚད་ ༡༠༠༠ བརྒལ་བ།

 རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། ད་བར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་༡༠༣༡ དང་། རྐྱེན་འདས་སུ་ཕྱིན་པ་༢༣ བྱུང་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་ཕྱི་ཟླ་༡༡ ཚེས་༦ རེས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་འདིའི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་སྤྱི་ཚོགས་ཁྲོད་དུ་ནད་པ་གསར་པ་༨༧ བྱུང་འདུག་ཅིང་། དེ་ནི་བདུན་ཕྲག་སྔོན་མའི་གྲངས་ཚད་བསྡུར་ན་ཅུང་ཉུང་བ་ཡིན་འདུག

ནད་པ་མང་ཤོས་ཡོང་སའི་ས་ཁུལ་དེ་སླར་ཡང་ལྷོ་ཕྱོགས་མོན་གྷོ་ཌི་གཞིས་ཆགས་ཡིན་འདུག་སྟེ། གཞིས་ཆགས་དེ་ནས་ནད་པ་གསར་པ་༣༤ བྱུང་འདུག་ཅིང་། དེའི་རྗེས་ལ་དྭགས་ནས་ནད་པ་༢༤ དང་། སྦེལ་ཀོབ་ནས་༡༥། ལྡི་ལི་ནས་༤། ཅོང་དྷ་ར་ནས་༣། དྷ་ས་དང་མན་ཕེ་ཌི་(Mainpat)ནས་༢ རེ། དྷ་རོ་དྷོན་ནས་༡ བཅས་བྱུང་འདུག 

བདུན་ཕྲག་འདིའི་ནང་བྱུང་བའི་ནད་པ་དག་ལས་༥༧ སྐྱེས་པ་དང་། ༣༠ བུད་མེད་ཡིན་འདུག་པ་དང་། ལོ་ན་ཆེ་ཤོས་དེ་༩༡ དང་། ཆུང་ཤོས་དེ་༢ ཡིན་འདུག ནད་པ་དེ་དག་གི་ཁྲོད་ནས་༥༢ ལ་ནད་རྟགས་ཕྲན་ཙམ་ཡོད་པ་ལས། གཞན་རྣམས་ནད་རྟགས་གང་མེད་པའི་ནད་པ་ཡིན་འདུག ཡིན་ན་ཡང་། ཅོང་དྷ་ར་ནས་ཡིན་པའི་སྐྱེས་པ་ལོ་༥༧ ཅན་ཞིག་ནད་ཡམས་ཀྱིས་རྐྱེན་བྱས་ཏེ་གྲོངས་འདུག 

རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་ནང་། ད་བར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་ཁྱོན་སྡོམ་༡༠༣༡ བྱུང་བ་ལས་༥༤༤ དྲག་སྐྱེད་བྱུང་འདུག་སྟབས། ད་ལྟའི་ཆར་ནད་ཀྱིས་མནར་ནས་ཡོད་པ་༤༦༤ དང་། རྐྱེན་འདས་སུ་གྱུར་བ་༢༣ བྱུང་འདུག 

ཝུའུ་ཧན་ཏོག་དབྱིབས་ནད་ཡམས་སམ་ཡོངས་གྲགས་སུ་Covid-19 ཞེས་པའི་ནད་ཡམས་གསར་པ་འདི་ན་ནིང་ལོ་སྨད་ཙམ་ལ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan)ནས་ཐོག་མར་བྱུང་ཡོད། འཇིགས་སུ་རུང་བའི་ནད་ཡམས་འདི་ཐོག་མར་བྱུང་བའི་སྐབས། རྒྱ་ནག་གཞུང་གིས་སྔོན་འགོག་དང་འགོག་སྲུང་བྱེད་རྒྱུུའི་ཚབ་ཏུ་ནད་ཡམས་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་ཉེན་བརྡ་གཏོང་མཁན་གྱི་སྨན་པ་དང་། གསར་འགོད་པ་རྣམས་ལ་“དཀྲོག་གཏམ་”སྤེལ་བའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་དང་འཇིགས་སྐུལ་བྱས་པས། ནད་ཡམས་འདི་སྟངས་འཛིན་དང་སྔོན་འགོག་བྱེད་པའི་གོ་སྐབས་རྩ་ཆེན་དེ་ཤོར་ནས་ད་ལྟ་གོ་ལ་ཁྱོན་དུ་ཁྱབ་ཡོད། 

ཇོན་སི-ཧོབ་ཁིན་མཐོ་སློབ་(Johns Hopkins University)ཀྱི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཁྱོན་དུ་ནད་པ་ས་ཡ་ ༤༨,༧ དང་། རྐྱེན་ལམ་དུ་ཕྱིན་པ་ས་ཡ་ ༡.༢༣ བྱུང་ཡོད། འོན་ཀྱང་། ནད་ཡམས་འདིའི་འབྱུང་རྐྱེན་ད་དུང་ཡང་རྩད་གསལ་པོ་ཞིག་མ་ཆོད་པར་ལྷག་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།