བཙན་བྱོལ་བོད་མིའི་ཕུགས་བསམ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༧༡ )
བཙན་བྱོལ་བོད་པའི་སྤྱི་ཚོགས་རང་བཞིན་གྱི་ཕུགས་བསམ་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། ད་ཆ་རྩ་དོན་འཐབ་རྩོད་ལ་སེམས་ཤུགས་ཡོད་མཁན་དཀོན་ཞིང་། ནང་ཁུལ་གྱི་འགལ་རྩོད་ལ་ནུས་པ་མཉམ་སྤུངས་བྱེད་མཁན་ནི་ཕྱོགས་གང་ས་ནས་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ་བཞིན་ཡོད། སྔོན་མ་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གསོའི་ཁ་ཕྱོགས་ལ་མཚོན་ན་རྒྱལ་ཁབ་སླར་གསོ་དང་། བོད་འགྱེལ་ས་ནས་ལང་དགོས་པའི་བསམ་ཚུལ་ཡོད་མཁན་མང་པོ་ཡོད་ཅིང་། སྐབས་དེར་མི་རབས་རྒན་པ་རྣམས་ཀྱིས་དགྲ་གཉེན་མགོན་གསུམ་ནོར་མི་རུང་བའི་བསླབ་བྱ་ནི་དུས་རྒྱུན་ཁ་ལ་གོམས་འདྲིས་སུ་གྱུར་ཡོད། དགྲ་བོ་ནི་རྒྱ་དམར་གཞུང་དང་། གཉེན་ནི་གཞིས་བྱེས་བོད་མི། མགོན་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན། ད་ལྟའི་ཆར་རྒྱ་དམར་གཞུང་ལ་ཡིད་ཆེས་བྱེད་རིན་ཡོད་ཚུལ་དང་། བོད་མི་ནང་ཁུལ་དུ་འགལ་ཟླའི་བསམ་བློ་ཤུགས་ཆེ་འཛིན་མཁན། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པ་བཅས་སྤྱི་ཚོགས་ཀྱི་འགྱུར་བ་ཆེ་ཤོས་སུ་གྱུར་ཡོད།
སློབ་གསོའི་ཁ་ཕྱོགས་ཀྱི་ཆ་ནས་ན་གཞོན་སྤྱི་དང་ལྷག་པར་དུ་བུ་མོ་མང་པོ་ཞིག་གིས་སྨན་གཡོག་གི་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནི་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་འཚོ་ཐབས་ཀྱི་ཐོག་ནས་ཤར་ནུབ་གང་དུ་གནས་ཀྱང་ལས་ཀ་རག་ཆོག་ཆོག་ཡིན་པས་ཕན་ཐོགས་ཡོད་ཀྱང་། སྤྱི་ཚོགས་ཤིག་གི་སློབ་གསོའི་ཁ་ཕྱོགས་ཀྱི་ཆ་ནས་བཤད་ན་སྨན་གཡོག་གི་སློབ་སྦྱོང་ལ་བརྟེན་ནས་རྩ་དོན་འཐབ་རྩོད་དང་། རྒྱལ་ཁབ་སླར་གསོའི་ཆེད་དམིགས་བསལ་གྱིས་ནུས་པ་འདོན་ཐུབ་པ་ཞིག་གང་ཡང་མ་རེད། འོན་ཀྱང་དེ་ནི་ན་གཞོན་དང་ཕ་མ་རྣམས་ཀྱི་ནོར་འཁྲུལ་ཙམ་མ་ཡིན་པར་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་སློབ་གསོའི་ཁ་ཕྱོགས་ཀྱི་ནོར་འཁྲུལ་ཞིག་ཏུ་གྱུར་ཡོད། ད་ལྟའི་གནས་སྟངས་འདིའི་ཐོག་ནས་མཐོང་ཐུབ་པ་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ན་གཞོན་དག་ལ་མི་རིགས་གཞན་གྱི་ཞབས་ཞུ་བ་ཞིག་བྱ་རྒྱུ་ལས། རང་ཉིད་མི་རིགས་དང་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ཞིག་བྱ་རྒྱུའི་དམིགས་ཡུལ་དང་རེ་བ་མེད་པ་རང་བཞིན་གྱིས་མཐོང་ཐུབ་པ་ཞིག་རེད།
བོད་ནང་ལ་མཚོན་ན་གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་གཏོང་བཞིན་ཡོད་པ་དང་། བོད་ནང་གི་གཞས་པ་དག་ལ་ཆེ་མཐོང་དང་ཡོང་འབབ་ཀྱང་ཆེན་པོ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྔོན་མ་<<མི་མང་ལངས་གླུ་>>དང་། <<ཞི་བའི་གངས་སེང་>>ཞེས་པ་ལྟ་བུའི་སྤོབས་པ་དང་སེམས་ཤུགས་སྤར་ཐུབ་པའི་གླུ་གཞས་ཡོད་ཀྱང་། ད་ལྟའི་དུས་སུ་བཙན་བྱོལ་བོད་མི་མང་པོས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་ཡུལ་“སྟར་ག་ཀུ་ཤུ་ཁམ་བུ་གསུམ་ལ་དགའ་དགའ།། ལོ་ཆུང་ང་ནི་རང་ཡུལ་ཕྱོགས་ལ་ལོག་འགྲོ།”ཞེས་པ་ལྟ་བུ། བོད་དུ་ལོག་རྒྱུའི་དམིགས་ཡུལ་ཡང་ཤིང་ཏོག་དང་། ཤ་མར་ཐུད་གསུམ་སོགས་ཟ་བཏུང་ཁོ་ནའི་ཆེད་ཡིན་པ་ལྟ་བུའི་གཞས་ཚིག་བཟོས་ནས་བཏང་ན། མི་མང་གིས་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་འདིས་སྤྱི་ཚོགས་རང་བཞིན་གྱི་བསམ་བློ་མཚོན་ཐུབ་པ་ལྟ་བུར་འགྱུར་བཞིན་ཡོད་པས། མ་འོངས་པར་མུ་མཐུད་དུ་སྤྱི་ཚོགས་ཀྱི་བསམ་བློ་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཅན་ཞིག་ཡོང་རྒྱུ་ཡང་ཁག་པོ་རེད།
གླུ་གཞས་སྒྱུ་རྩལ་གྱི་ཐོག་ནས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་མི་མང་ལ་ཚོར་བ་དང་ཤུགས་རྐྱེན་སྤྲོད་ཆེ་ཤོས་ནི། མི་མང་ལངས་གླུ་ཡིན་ཡང་། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་རྒྱ་དམར་གཞུང་ལ་འཐབ་རྩོད་ཀྱི་ཁོར་ཡུག་བསྐྲུན་ཆེད་མི་མང་ལངས་གླུ་གཏོང་རྒྱུར་བཀག་སྡོམ་གནང་བ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་ནང་གཞས་དེར་ཡང་དམར་རྟགས་ཕོག་ཟིན་པས། ད་ལྟའི་ཆར་བཙན་བྱོལ་ནང་ཕལ་ཆེར་བེད་མེད་དུ་གྱུར་ཟིན། སྲིད་སྐྱོང་བློ་བཟང་སེང་གེ་སྲིད་སྐྱོང་འཁྱུར་ལ་ཉེ་སྐབས་གཞུང་འབྲེལ་མཛད་སྒོ་ཁག་ཅིག་ཏུ་མི་མང་ལངས་གླུ་བཏང་ཡོད་ཀྱང་། གྲོས་ཚོགས་ནང་སྤྱི་འཐུས་རྒན་པ་ཞིག་གིས་མི་མང་ལངས་གླུ་ཕར་ཞོག། བོད་རྒྱལ་ལོ་ཡང་ལབ་ཆོག་མིན་གྱི་དྲི་བ་སླེབས་ནས། མི་མང་ལངས་གླུ་ཙམ་མ་ཡིན་པར་བོད་རྒྱལ་ལོ་ཞེས་པའི་ཚིག་དེར་ཡང་བཙན་བྱོལ་ནང་དམར་རྟགས་ཕོག་ཟིན་པས། བཙན་བྱོལ་ནང་གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་མི་མང་ལ་ཚོར་བ་སླེབས་ཐུབ་པ་ཞིག་བཟོ་རྒྱུའི་ནུས་པ་ནི་ད་དུང་གཏན་ནས་མེད།
མདོར་ན་བཙན་བྱོལ་ནང་སློབ་གསོའི་ཁ་ཕྱོགས་དང་། གླུ་གཞས། སྙན་ངག་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་ད་ལྟའི་ཆར་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་ཉམས་ཆག་ཆེན་པོ་སོང་ཡོད། དགྲ་གཉེན་མགོན་གསུམ་གྱི་ཁ་ཕྱོགས་ནོར་བ་ནི། ཆོས་ལྡན་བོད་མི་ཞེས་པའི་ཚིག་དོན་གྱི་ཐོག་ནས་བསམ་བློ་བཏང་ན་ནོར་ཚབས་ཆེ་ཤོས་སུ་གྱུར་ཡོད་ཅིང་། ལྷག་པར་དུ་འཐབ་རྩོད་ཀྱི་འགན་ཁུར་ཕྲག་ཏུ་བབས་པའི་མི་རིགས་ཤིག་ལ་མཚོན་ན། ཟས་གོས་གནས་མལ་ཙམ་གཙོ་བོར་འཛིན་པ་ཙམ་ལས། རྒྱལ་ཁབ་སླར་གསོ་དང་མི་རིགས་ཀྱི་འདྲ་མཉམ་དང་བདེ་དོན་འཐབ་རྩོད་ཀྱི་ཕུགས་བསམ་གཏན་མེད་དུ་གྱུར་སོང་ན། བཙན་བྱོལ་བོད་གཞུང་ཡང་མུ་མཐུད་དུ་གནས་མི་ཐུབ་པ་དང་། གནས་ཀྱང་དེ་ཙམ་གྱིས་ཕན་ཐོགས་མེད་པ་ཞིག་ཏུ་འགྱུར་ངེས་རེད། ཕྱི་ལོ་༢༠༠༢ ལོ་ནས་རྒྱ་གཞུང་གིས་མགོ་སྐོར་ཆེད་འབྲེལ་མོལ་ཡིན་ལ་མིན་ལ་དེ་འགོ་བཙུགས་ནས། བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་བསམ་བློའི་མེ་ལྕེ་འབར་བཞིན་པའི་སྐབས་ཆུ་འཁྱག་བཤོས་པ་བཞིན་རྩ་མེད་དུ་བཏང་ཡོད།།
