བལ་ཡུལ་དུ་གནོན་ཤུགས་སྣ་ཚོགས་འོག་འཁྲུངས་སྐར་སྲུང་རྩི་སྟབས་བདེར་བྱེད་དགོས་ཁེལ་སོང་།

           

དེ་རིང་སྟེ་སྤྱི་ཟླ༧ཚེས༦ཉིན་འཛམ་གླིང་ས་ཕྱོགས་གང་སར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར།འདི་ག་བལ་ཡུལ་དུ་ཡང་སྔ་དྲོའི་ཆུ་ཚོད་༧་དང་སྐར་མ་༤༥ཐོག་ས་གནས་དོན་གཅོད་ཀྱིས་དབུ་ཁྲིད་པའི་འོག་འཇོར་འཕགས་འཁྲུངས་སྐར་སྲུང་རྩི་གོ་སྒྲིག་ཚོགས་པའི་གོ་སྒྲིག་བཞིན་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་མདུན་ཐང་དུ་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤྲི་ཆུ་བཟང་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་གཞུང་ཚབ་འགའི་སྐུ་ཚབ། ཕྱོགས་ཞུགས་སྤྱི་འཐུས་དང་སྤྱི་ཟུར། དེ་བཞིན་བལ་ཡུལ་དོན་གཅོད་དྲུང་ཆེ་དང་ས་གནས་འཐུས་ཚོགས་སོགས་ཕེབས་པའི་སྟེང་། ས་གནས་བོད་མི་མང་ཚོགས་དང་ཧི་མ་ལ་ཡའི་བོད་རིགས་དད་ལྡན་མང་པོ་བཅས་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་མདུན་ཐང་དུ་འཛོམས་ཤིང་། རྣམ་རྒྱལ་སློབ་གྲྭའི་རྔ་རོལ་རུ་སྒྲིག་དང་། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་བཀྲ་ཤིས་ཞོལ་པ། བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་གཡག་དང་གངས་སེང་འཁྲབ་སྟོན་བཅས་ཀྱི་སྒོ་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གདན་དྲངས་རྗེས། བལ་ཡུལ་ས་གནས་དོན་གཅོད་རྩིབས་རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་སོང་།

དེ་ནས་དོན་གཅོད་ཀྱིས་གསུང་དོན།“དེ་རིང་གི་འཁྲུངས་སྐར་མཛད་སྒོ་དེ་ཡང་ཨུ་ཚུགས་རང་བརྒྱབས་ནས་བྱེད་པ་མ་གཏོགས། བལ་ཡུལ་གཞུང་གི་ཆོག་མཆན་ཁྱོན་ནས་རག་མ་སོང་།”ཞེས་འཁྲུངས་སྐར་གྱི་མཛད་སྒོ་དེ་ཡང་གཞུང་གི་ཆོག་མཆན་རག་མེད་ཚུལ་གསུངས་སོང་ལ། ཆོག་མཆན་རག་པའི་ཆེད་དུ་ཁོང་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ཡོད་ཚུལ་ཐད་ཁོང་གིས།

“འདས་པའི་ཉི་མ་གསུམ་གྱི་རིང་ལ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཐབས་ཤེས་བོད་རྒུ་རྩལ་སྤྲུགས་ཀྱིས་ཆོག་མཆན་རག་ཐབས་བྱས་ཀྱང་རག་མ་བྱུང་”ཞེས་དང་།དེ་ཡང་༧གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ནི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁོ་ན་ཡིན་ཡང་། བལ་གཞུང་གཅིག་པུ་ཙམ་མིན་པར་ཕྱོགས་གང་ས་ནས་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་འཁྲུངས་སྐར་སྲུང་བརྩི་བྱེད་རྒྱུར་དཀའ་ངལ་འཕྲད་པས་ཆོས་ཕྱོགས་ཀྱི་མཛད་རིམ་ཙམ་ལས་འཆར་གཞི་བཞིན་སྐུ་མགྲོན་ཁག་གིས་གསུང་བཤད་གནང་ཐུབ་མེད་ཚུལ་ཐད་ཁོང་གིས་གསུངས་གསལ།

ཀུན་རྫོབ་ལྟར་འདིར་ཕྱི་རྒྱ་ཆེའི་མི་དམངས་འཛོམས་ནས་གཞས་སྣ་འཁྲབ་སྟོན་དང་། སྐུ་མགྲོན་ཁག་གི་གསུང་བཤད་བཅས་པའི་སྲུང་བརྩི་ཟབ་རྒྱས་ཞུ་ཐུབ་ཀི་མེད་ཀྱང་། དོན་དམ་དུ་ང་ཚོས༧གོང་ས་མཆོག་གི་ལམ་སྟོན་བཞིན་འཚེ་མེད་ཞི་བའི་ལམ་ནས་འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་ཆེད་དུ་ཁོང་གི་བཀའ་སློབ་ལམ་སྟོན་བཞིན་བསྐྱོད་ཐུབ་པར་བྱེད་རྒྱུ་དང་བལ་ཡུལ་མི་དམངས་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ལ་དགོངས་པ་བཞེས་རོགས། ཡིན་ཡང་ཆབ་སྲིད་དང་དུས་ཀྱི་འཕོ་འགྱུར་སོགས་སྣ་ཚོགས་ཀྱིས་རྐྱེན་པས་དེ་རིང་གཞས་སྣ་འཁྲབ་སྟོན་སོགས་བྱེད་ཐུབ་མེད་ཚུལ་གསུངས་སོང་།


དེ་བཞིན་ཁོང་གིས་བསྐྱར་ནན་ངང་གསུངས་དོན།༧གོང་ས་མཆོག་གི་གཟི་བརྗིད་དང་མཚན་སྙན་ཆེ་བས་གཞན་གྱིས་མ་བཟོད་པས་གནོན་ཤུགས་འོང་གི་ཡོད་པ་དང་། ལྷག་པར་དུ་འདི་ལྟར་ཆོས་ཕྱོགས་ཀྱི་མཛད་སྒོ་ཙམ་ལ་ཡང་གནོན་ཤུགས་སྤྲོད་པ་སོགས་ནི་འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་ལུགས་རང་དབང་ལ་དོ་སྣང་བྱེད་མཁན་གྱི་རང་ཚུགས་ཐུབ་པའི་རྒྱལ་ཁབ་དང་དྲང་བདེན་ལ་དགའ་བའི་ཚོགས་པ་ཚོས་དོ་སྣང་དང་ཐུགས་བསམ་བཞེས་དགོས་པ་ཆགས་ཡོད་སྐོར་གསུངས་གྲུབ་མཚམས་གཞས་སྣ་གཅིག་གཟིགས་འབུལ་རྗེས་མཛད་སྒོ་གྲོལ་སོང་།

བལ་ཡུལ་དུ་འདི་ལྟར་གྱི་དཀའ་ངལ་སྣ་ཚོགས་ཡོད་པས་ས་གནས་བོད་མི་ཚོས་འཁྲུངས་སྐར་ཉིན་རང་རང་གི་ཚོགས་པ་སྐྱིད་སྡུག་དང་མཉམ་དུའམ། ཡང་ན་གྲོགས་པོ་ངོ་ཤེས་སོགས་དང་ལྷན་དུ་རི་མགོར་འཁྲུངས་སྐར་གྱི་སྤྲོ་སྐྱིད་གཏོང་སར་འགྲོ་བ་སོགས་ལས་མཛད་སྒོར་ཞུགས་པ་ཉུང་ཡང་། དེ་རིང་མཛད་སྒོའི་ཐོག་ས་གནས་དད་ལྡན་མང་ཚོགས་ཕོན་ཆེན་བསླེབས་འདུག་ལ། མཛད་སྒོ་གྲོལ་རྗེས་ས་གནས་དད་ལྡན་མང་ཚོགས་ཀྱིས་༧་གོང་ས་མཆོག་སྐུ་དངོས་སུ་མཇལ་བ་ལྟ་བུའི་ཚོར་སྣང་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་འཚང་ཁ་ཆེན་པོས་མཇལ་དར་ཕུལ་སོང་།
སྤྱིར་བལ་ཡུལ་དུ་གསུམ་བཅུའི་དུས་དྲན་གཙོས་བྱེད་སྒོ་མང་པོ་བཀག་སྡོམ་བྱས་ནས་ཚོགས་མི་ཐུབ་པའི་དཀའ་ངལ་འཕྲད་དང་འཕྲད་བཞིན་ཡིན་པ་མ་ཟད། ༧གོང་ས་མཆོག་གི་འཁྲུངས་སྐར་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་ཡིན་ཡང་།

ས་གནས་དོན་གཅོད་ཀྱི་གསུང་བཤད་གནང་བཞིན་པའི་སྐབས་སུ་ཁ་པར་བསླེབས་ནས་མཛད་སྒོ་མཇུག་བསྡུ་དགོས་པའི་བརྡ་ལན་སྤྲད་པ་སོགས་ཀྱི་བརྒྱུད་ནས་ད་ལོའི་འཁྲུངས་སྐར་དེ་བཞིན་འཇར་འཕགས་གཉིས་ཀྱི་འཁྲུངས་སྐར་གོ་སྒྲིག་ཚོགས་པའི་འཆར་གཞི་ལྟར་འགྲོ་མ་ཐུབ་པར་མཛད་སྒོ་གྲོལ་དགོས་ཁེལ་སོང་།

ས་གནས་གསར་འགོད་པ་བསོད་ནམས་ནོར་བུ།