བལ་ཡུལ་དུ་ཉེས་མེད་ཀྱི་གྲྭ་པ་རྡུང་མཁན་ཉེན་རྟོག་པར་ཁྲིམས་ཆད་བཅད་ཡོད་ཟེར།

ཟླ་འདིའི་ཚེས་༨ ཉིན་བལ་ཡུལ་གྱི་(Republica) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ཀྱིས་དོན་མེད་གྲྭ་བ་ཉེས་རྡུང་གཏོང་མཁན་གྱི་ཉེན་རྟོག་པ་རྣམས་ལ་ཁྲིམས་ཆད་བཅད་ཡོད་ཅེས་ཁྱབ་བསྒྲགས་སྤེལ་ཡོད་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནང་གི་(Bhadrakali) ཞེས་པའི་ས་ཁུལ་དུ་རྒྱལ་ཁབ་ཀྱི་གསར་བརྗེའི་ལས་འགུལ་བ་ཚོས་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། ལས་འགུལ་བ་དང་ས་གནས་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ཡོད་པ་མ་ཟད། སྐབས་དེར་ཉེན་རྟོག་པ་ཁག་ཅིག་གིས་ལམ་ལ་འགྲོ་བཞིན་པའི་ཉེས་མེད་གྲྭ་བ་གཉིས་ལ་དོན་མེད་རྡུང་རྡེག་བཏང་ཡོད་འདུག

ཉེན་རྟོག་པས་དགེ་འདུན་པ་རྡུང་བཞིན་པའི་བརྙན་ཐུང་ལ་བལྟས་ན། བརྙན་དེའི་ནང་ཉེན་རྟོག་པས་དབྱུག་པ་སྤྱད་དེ་དགེ་འདུན་པ་ཞིག་ལ་བརྒྱབ་པ་མ་ཟད། དགེ་འདུན་པའི་རྒྱབ་ལ་རྡོག་རྒྱག་བཞུས་པ་སོགས་མཐོང་རྒྱུ་ཡོད་འདུག བརྙན་ཐུང་དེ་སྤྱི་ཚོགས་ཀྱི་བརྒྱུད་ལམ་གང་སར་ཁྱབ་པར་བརྟེན། བལ་ཡུལ་ནང་ཉེན་རྟོག་པ་དང་ལྷག་པར་དུ་ཐད་ཀར་ནང་སྲིད་བློན་ཆེན་ལ་སྐྱོན་བརྗོད་བྱེད་མཁན་མང་དག་ཅིག་བྱུང་ཡོད་འདུག

བརྙན་ཐུང་དེ་དང་འབྲེལ། བལ་ཡུལ་གྱི་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ཀྱིས་གྲྭ་བ་ལ་ཉེས་རྡུང་གཏོང་མཁན་འབྲེལ་ཡོད་ཉེན་རྟོག་པ་རྣམས་ལ་ཁྲིམས་ཆད་བཅད་ཡོད་ཅེས་ཁྱབ་བསྒྲགས་ཤིག་སྤྱི་ཚོགས་བརྒྱུད་ལམ་ཐོག་ཏུ་སྤེལ་ཡོད་འདུག འོན་ཀྱང་ཁྲིམས་ཆད་ག་རེ་བཅད་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་མི་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།