བལ་ཡུལ་དུ་བར་བརྒལ་སྲིད་བློན་བསྐོ་བཞག་དང་ཟླ་བ་དྲུག་རྗེས་འོས་བསྡུ་བྱ་འཆར་འདུག

བལ་ཡུལ་གཞུང་གི་འགོ་ཁྲིད་ཁྲོད་ལྐོག་ཟ་རུལ་སུངས་ཆེན་པོ་བྱུང་བ་དང་། ཉེ་ཆར་སྤྱི་ཚོགས་དྲ་ལམ་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། གཞོན་སྐྱེས་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཏེ་སྲིད་བློན་དགོངས་པ་ཞུ་དགོས་བྱུང་བ་མ་ཟད། བློན་ཆེན་མང་པོ་ཞིག་ཀྱང་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་སྟབས། མཐར་བལ་ཡུལ་གཞུང་དེ་དུས་ཡུན་ཐུང་ངུའི་ནང་འགྱུར་བ་ཐེབས་ཏེ། ཁ་སང་བར་བརྒལ་སྲིད་གཞུང་ཞིག་བཙུགས་པ་དང་། སྲིད་བློན་གསར་པར་བུད་མེད་ཅིག་བསྐོ་བཞག་གནང་འདུག
ཕྱི་ཚེས་ ༡༣ ཉིན་ (The Kathmandu Post) གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། འདས་པའི་ཉིན་གྲངས་གསུམ་རིང་བལ་ཡུལ་གྱི་སྲིད་འཛིན་གཙོ་བོར་གྱུར་པའི་དམག་མིའི་འགོ་ཁྲིད་དང་། གཞོན་སྐྱེས་ལས་འགུལ་བའི་འགོ་ཁྲིད་བཅས་བར་གྲོས་མོལ་བྱས་རྗེས། ཁ་སང་མང་མོས་ཐག་གཅོད་བྱས་དོན་ལ། བལ་ཡུལ་ནང་ལོ་མང་གོང་ནས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་པོ་བྱེད་མཁན་བུད་མེད་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ (Sushila Karki) ཁོང་མོ་བར་བརྒལ་སྲིད་བློན་ལ་བསྐོ་བཞག་གནང་འདུག་ལ། ཟླ་བ་དྲུག་གི་རྗེས་སུ་སྲིད་གཞུང་གསར་པ་ཞིག་འོས་བསྡུ་བྱ་རྒྱུ་ཡིན་འདུག ཁོང་མོ་ནི་བལ་ཡུལ་གྱི་ལོ་རྒྱུས་ཁྲོད་སྲིད་བློན་ ༤༢ པ་དེ་ཆགས་ཀྱི་ཡོད་པ་མ་ཟད། བུད་མེད་སྲིད་བློན་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་འདུག
ཁ་སང་བལ་ཡུལ་གྱི་སྲིད་འཛིན་ལས་ཁུངས་སུ་སྲིད་བློན་གསར་པའི་དམ་འབུལ་མཛད་སྒོ་དེ་འཚོགས་གནང་ཡོད་འདུག་ཅིང་། མཛད་སྒོའི་སྐབས་སུ་བལ་ཡུལ་གྱི་གཞོན་སྐྱེས་ལས་འགུལ་བའི་འགོ་ཁྲིད་ (The Hami Nepali Group) ཅེས་པ་དེའི་འགོ་ཁྲིད་དང་། (Sudan Gurung) ཞེས་པ་དེའི་འགོ་ཁྲིད་། བལ་ཡུལ་གྱི་སྲིད་འཛིན་གཞོན་པ་ (Ramsahay Yadav)། སྲིད་བློན་ཟུར་པ་ (Baburam Bhattarai)། ཁྲིམས་ཞིབ་པ་ཆེ་བ་ (Prakash Man)། གཞན་བལ་ཡུལ་གཞུང་གིས་བདེ་སྲུང་དང་གསང་བའི་ལས་ཁུངས་སོགས་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་གནང་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་གསར་པ་ (Sushila Karki) ཁོང་མོ་ནི་རྩོམ་པ་པོ་ཞིག་དང་། ཆབ་སྲིད་པ། ལྐོག་ཟ་རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཡིན་འདུག་ཅིང་། ཕྱི་ལོ་༢༠༡༦ ལོར་ཁོང་མོ་བལ་ཡུལ་གྱི་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་གནང་ཡོད་འདུག དེ་ནི་བལ་ཡུལ་གྱི་ལོ་རྒྱུས་ཁྲོད་བུད་མེད་ཅིག་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་བྱས་པ་ཐོག་མ་དེ་ཡིན་འདུག ཁོང་མོ་བལ་ཡུལ་གྱི་སྲིད་བློན་ལ་བསྐོ་བཞག་བྱས་པར་བལ་ཡུལ་གྱི་མི་མང་ཁྲོད་བུད་མེད་ཀྱི་ཆེ་མཐོང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་བརྗོད་འདུག
མཐར་ཕྱི་ལོ་ ༢༠༡༧ ལོར་ཁོང་མོ་རྒས་ཡོལ་ཞུས་ཡོད་འདུག་ཀྱང་། ཉེ་ཆར་གཞོན་སྐྱེས་ཚོས་ཁོང་མོ་བར་བརྒལ་སྲིད་བློན་ལ་སྤྱི་མོས་ཐོག་ནས་བསྐོ་བཞག་གནང་ཡོད་འདུག ད་ཆ་ཁོང་མོས་གནས་སྐབས་ཟླ་བ་དྲུག་གི་རིང་གཞུང་སྲིད་སྐྱོང་ཆེད་ལྷན་ཁག་གི་བློན་ཆེན་རྣམས་བསྐོ་བཞག་གནང་དགོས་ཀྱི་ཡོད་འདུག་ཅིང་། ཁོང་མོས་བརྗོད་དོན་ལ། བལ་ཡུལ་གྱི་མི་མང་ཚོས་རེ་བ་ཞིག་སེམས་ལ་བཟུང་ནས་དུས་ཚོད་བཟང་པོ་འདི་འདྲ་ཞིག་ཡོང་ཆེད་ཚང་མས་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་པ་རེད། ང་ཚོས་དཀའ་ལས་བརྒྱབ་ན་གནད་དོན་གང་འདྲ་ཞིག་ཡིན་ཡང་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པའི་བདེན་དཔང་ར་འཕྲོད་བྱུང་བ་རེད། ངས་བལ་ཡུལ་གྱི་མི་མང་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཐེངས་འདིའི་གྲུབ་འབྲས་ནི་ང་ཚོ་གཅིག་པུའི་མ་ཡིན་པར། རང་སྲོག་ཤོར་བའི་དཔའ་བོ་ ༥༡ དེ་དག་དང་གཞན་རྨས་སྐྱོན་ཕོག་པའི་མི་ ༡༠༠༠ ཙམ་ཡོད་པ་དག་གི་བྱས་རྗེས་ལ་བརྟེན་ནས། ང་ཚོའི་གཞུང་ནང་འགྱུར་བ་ཞིག་གཏོང་རྒྱུའི་གོ་སྐབས་བྱུང་བ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།