བལ་ཡུལ་དུ་ས་ཡོམ་གོད་ཆག་བྱུང་བར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་།

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་མཚན་མོར་བལ་ཡུལ་ནུབ་ཕྱོགས་ཀྱི་ས་ཁུལ་དུ་ས་ཡོམ་གྱིས་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་བཅས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་བྱུང་བར་བརྟེན།
ཕྱི་ཟླ་༡༡ ཚེས་༦ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གྱི་སྲིད་བློན་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་འདུག དེའི་ནང་དུ། མགོན་པོ་གང་གིས་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་མཁན་རྣམས་ཀྱི་ནང་མི་བཅས་ལ་གདུང་སེམས་མཉམ་སྐྱེད་དང་གོད་ཆག་ཐེབས་མི་ཚོར་ཐུགས་སྨོན་གནང་གི་ཡིན་པར་གསུངས་པ་དང་། གཞན་ཡང་བལ་ཡུལ་གཞུང་དང་དེ་བཞིན་འབྲེལ་ཡོད་ཚོགས་པ་ཁག་གིས་རྐྱེན་ངན་བྱུང་ཡུལ་ལ་ཉེར་མཁོའི་རོགས་སྐྱོར་གནང་བཞིན་པར་མགོན་པོ་གང་གིས་མཁྱེན་རྟོགས་བྱུང་བ། དེ་བཞིན་ཁོང་གིས་ཀྱང་བལ་ཡུལ་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་ཉེན་སྐྱོབ་དང་གུད་སེལ་སླད་ཞབས་འདེབས་འབུལ་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པར་གསུངས་འདུག
ཟླ་འདིའི་ཚེས་ ༣ རེས་གཟའ་པ་སངས་ཀྱི་ས་གནས་མཚན་མོའི་ཆུ་ཚོད་༡༢མ་ཟིན་ཙམ་དུ་བལ་ཡུལ་ནུབ་ཕྱོགས་ཀར་ན་ལིས་མངའ་སྡེའི་ཁོངས་སུ་གཏོགས་པ་ཇ་ཇར་ཀོའོ་ཊི་དང་ནུབ་རུ་ཀུམ་ཟེར་བའི་རྫོང་གཉིས་ཀྱི་ས་ཁུལ་དུ་བལ་ཡུལ་ལྟར་ན་ས་ཡོམ་༦.༤བརྒྱབས་ཏེ་མི་༡༥༧ རྐྱེན་འདས་སུ་ཕྱིན་ཞིང་མི་༣༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
