བལ་ཡུལ་དུ་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བྱེད་ཕྱོགས་སྐོར་སྤྱི་འཐུས་ཀྱི་སེམས་འཚབ།
༼དྷ་རམ་ས་ལ།༽ཕྱི་ལོ་༢༠༢༦ཟླ་༣ཚེས་༢༣ཉིན།སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བདུན་པའི་ཐོགདབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ།སྤྱི་འཐུས་མང་པོ་ཞིག་གིས་བལ་ཡུལ་ནང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སྒྲིག་གཞི་ལག་བསྟར་ཚུལ་བཞིན་མ་བྱུང་བའི་གནད་དོན་ཐོག་དགོངས་ཚུལ་ལྷུག་པོ་གསུངས་སོང་།

སྤྱི་འཐུས་ཁག་ཅིག་གིས་འོས་བསྡུའི་སྒྲིག་གཞི་དོན་ཚན་སོ་གསུམ་པའི་ནང་གསེས་དང་པོའི་ནང་།འོོས་བསྡུ་བྱ་ཡུལ་སོོ་སོོར་འོོས་བསྡུ་ཟིིན་མཚམས་སྡེེ་ཚན་དེེའིི་འགན་འཛིིན་དང་ལས་བྱ་རྣམས་མཉམ་འཛོོམས་ཐོོག་འོོས་སྒམ་དེེ་དག་གི་ཁུང་བུ་ནས་འོས་ཤོག་འཇུག་འདོན་མི་ཐུབ་པའི་དམ་སྦྱར་བྱེད་དགོས།ཞེས་བྲིས་ཡོད་ན་ཡང་།བལ་ཡུལ་ནང་ཁུག་མ་ཁྱེར་ནས་འོས་ཤོག་བསྡུ་ལེན་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་།ཡིག་གཟུགས་གཅིག་པ་ཡིན་པའི་འོས་ཤོག་གྲངས་༢༠ལྷག་ཙམ་མཉམ་དུ་ཐོན་ཡོད་པ་སོགས་ནི་སྒྲིག་གཞི་དང་མི་མཐུན་པའི་བྱེད་བབ་ཅིག་ཡིན་པར་སྐྱོན་བརྗོད་དང་སྦྲགས།ཕྱི་ལོ་༢༠༡༠ལོར་བལ་ཡུལ་དུ་འོས་སྒམ་འཕྲོག་ཡོད་པ་དང་།ད་ཆར་འོས་བསྡུའི་ལས་དོན་ལ་བཀའ་འཁྲོལ་ཞུས་ཡོད་མེད་ཐོག་ལན་འདེབས་དགོས་པའི་དགོངས་འཆར་ཕུལ་སོང་།
དེ་བཞིན་རང་དབང་ལྡན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲས་བཙན་བྱོལ་བོད་མིའི་འོས་བསྡུ་ལ་བརྟག་དཔྱད་དང་ཞིབ་འཇུག་གིས་ཚད་དང་ལྡན་པ་ཡིན་པའི་སྙན་ཐོ་བཏོན་ཡོད་ན་ཡང་།ད་ལྟའི་ཆར་ལས་བྱེད་རེ་ཟུང་གིས་ཁུག་མ་ཁྱེར་ནས་འོས་ཤོག་བསྡུ་ལེན་བྱས་པ་སོགས་འོས་བསྡུ་དྲང་པོ་ཞིག་མ་བྱུང་ན།སྲིད་སྤྱི་གཉིས་ཀྱི་འོས་ཤོག་ལ་མི་མང་གི་ཡིད་ཆེས་དང་རྒྱལ་སྤྱིའི་ཐོག་ཆེ་མཐོང་ལ་གནོད་གཞི་ཆགས་ཀྱི་ཡོད་པ་མ་ཟད།༧གོང་ས་མཆོག་གིས་བོད་མིར་གསོལ་བསྩལ་གནང་བའི་མང་གཙོའི་ལམ་ལུགས་ལ་ནག་ཐིག་ཕབ་པ་ལྟ་བུ་ཆགས་འགྲོ་བས།འོས་བསྡུ་ལས་ཁང་ནས་སྟངས་འཛིན་ནན་པོ་གནང་དགོས་པའི་འབོད་སྐུལ་གནང་སོང་།
ལྷག་པར་དུ་སྤྱི་འཐུས་གཅིག་གིས་སེམས་འཚབ་ཆེན་པོ།ས་གནས་སུ་འོས་བསྡུའི་ལས་ཀ་བྱེད་མཁན་ཚོས་འབྲེལ་ཡོད་ཁ་ཤས་ལ་ཡག་པོ་ཡོང་ཐབས་ཙམ་མ་ཡིན་པ།སྤྱི་སྙོམ་དྲང་བདེན་ཡོང་རྒྱུའི་ཐོག་འབད་བརྩོན་བྱེད་གལ་ཆེ་ཞེས་དང་།
དྷ་སའི་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་གི་རྩོད་རྙོག་དེ་དག་ད་ལྟའི་ཆར་ཆབ་སྲིད་པ་རེ་ཟུང་གིས་ཆོས་བརྒྱུད་ཁག་གི་ནང་དུ་ཁྱབ་སྤེལ་བྱེད་ཐབས་བྱེད་བཞིན་པ་དེས།མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་ཡིད་ཆེས་དང་རེ་བ་བྱེད་སའི་གཞི་རྩ་བརྟན་པོ་ཡོད་པའི་དགོན་སྡེ་ཁག་ཆོས་བརྒྱུད་སོ་སོ་ཡིན་ཡང་མགོ་ལས་རྨ་ཆེ་བ་དང་།བཙན་བྱོལ་སྤྱི་ཚོགས་ནང་རེ་བ་རྒྱག་ས་གང་ཡང་མེད་པ་ཞིག་ཏུ་འགྱུར་ཉེན་ཡོད་པས་དབུས་ས་གཉིས་ནས་སྟངས་འཛིན་ནན་པོ་གནང་དགོས་གལ་ཆེ་ཞེས་གསུངས་སོང་།
རྩ་བས་བལ་ཡུལ་ནང་ཆབ་སྲིད་ཀྱི་དཀའ་ངལ་སོགས་ལ་བརྟེན།གནས་སྡོད་བོད་མི་ཚོ་ལ་ཡང་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་པ་དང་།ལྷག་པར་དུ་འོས་བསྡུ་དང་འབྲེལ།ཕྱི་ལོ་༢༠༡༠ཟླ་༡༠ཚེས་༣རེས་གཟའ་ཉི་མའི་ཉིན།བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་བཀའ་སྤྱིའི་སྔོན་འགྲོའི་འོས་ཤོག་འཕེན་སྐབས་གློ་བུར་དུ་བལ་ཡུལ་གཞུང་གི་ཉེན་རྟོག་མི་སྣ་བསླེབས་སྟེ་འོས་སྒམ་བཙན་འཕྲོག་བྱས་ཡོད་པ་རེད།ད་ལྟའི་ཆར་ཕྱི་ལོ་༢༠༢༦ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཚར་ཡང་།ཉེ་ཆར་དབུས་འོས་བསྡུ་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་ཀྱིས་བལ་ཡུལ་དུ་སྔོན་འགྲོའི་འོས་བསྡུ་དེ་སྒྲིག་གཞི་ལྟར་གནང་ཐུབ་མེད་པ་དང་།ད་ལྟ་ཞིབ་འཇུག་བྱེད་མུས་ཡིན་པ་བརྗོད་ཡོད།།
གསར་འགོད་པ།བློ་བཟང་རྒྱ་མཚོ།
