བལ་ཡུལ་ནང་རྒྱལ་པོའི་ལམ་ལུགས་བསྐྱར་གསོ་དགོས་པ་མི་མང་གིས་སྐད་འབོད་རྒྱག་བཞིན་ཡོད་འདུག

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དམངས་གཙོའི་གཞུང་ལོ་བསྟུད་མར་ཆབ་སྲིད་བརྟན་ལྷིང་མེད་པའི་རྐྱེན་གྱིས་མི་མང་གིས་རྒྱལ་པོའི་ལམ་ལུགས་བསྐྱར་གསོ་དགོས་པ་དང་། དམངས་གཙོའི་གཞུང་མི་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༠༨ ལོར་བལ་ཡུལ་ནང་རྒྱལ་པོའི་ལམ་ལུགས་མེད་པ་བཟོས་ནས་གྲོས་ཚོགས་ལྡན་པའི་དམངས་གཙོ་གཞུང་གསར་འཛུགས་བྱས་ཡོད་འདུག་ཀྱང་། འདས་པའི་ལོ་ངོ་༡༦ ནང་དམངས་གཙོའི་གཞུང་ཐེངས་༡༣ ལྷག་ཙམ་བརྗེ་བོ་རྒྱག་དགོས་བྱུང་བར་བརྟེན། ད་ཆར་མི་མང་ཁྲོད་དམངས་གཙོའི་གཞུང་མེད་པ་བཟོས་ནས་རྒྱལ་པོའི་ལམ་ལུགས་དགོས་པའི་དགོས་འདོད་འདོན་བཞིན་ཡོད་འདུག
ཕྱི་ཚེས་༡༣ ཉིན་རྒྱ་གར་གྱི་(Firstpost)གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་མི་མང་སྟོང་ཕྲག་འགའ་ཤས་(Kathmandu)གཞུང་ལམ་ཁྲོད་ཡོང་ནས་བལ་ཡུལ་གྱི་རྒྱལ་པོའི་ལམ་ལུགས་བསྐྱར་གསོ་དགོས་པའི་སྐད་འབོད་བྱེད་ཀྱི་ཡོད་འདུག་ལ། རྒྱལ་པོ་མེད་ན་བལ་ཡུལ་གྱི་ངོ་བོ་མེད་པ་འགྱུར་གྱི་འདུག་ཅེས་རྗོད་ཀྱི་ཡོད་འདུག ཕྱི་ལོ་༢༠༠༥ བར་བལ་ཡུལ་རྒྱལ་ཁབ་ནི་རྒྱལ་པོའི་ལམ་ལུགས་ཡིན་ཡང་། ཕྱི་ལོ་༢༠༠༥ ལོར་བལ་ཡུལ་གྱི་རྒྱལ་པོ་མཐའ་མ་(Gyanendra )གྷ་ནི་ཏེ་ར་ཟེར་བ་དེ་ཡིས་དམངས་གཙོ་དོན་གཉེར་བ་དང་གསར་འགོད་པ། འཐུས་མི། མི་མང་མང་པོ་བཙོན་ལ་བཅུག་པ་སོགས་བྱས་ཡོད་འདུག རྒྱལ་པོས་དབང་ཆ་ཡོད་ཚད་བཙན་བཟུང་བྱས་རྗེས་མི་མང་ཕོན་ཆེན་གྱིས་ངོ་རྒོལ་དང་རྒྱལ་པོའི་གཞུང་མི་དགོས་པའི་རྣམ་འགྱུར་བསྟན་པར་བརྟེན། མཐར་ཕྱི་ལོ་༢༠༠༦ ལོར་རྒྱལ་པོ་(Gyanendra )གྷ་ནི་ཏེར་གྱིས་དབང་ཆ་ཡོངས་རྫོགས་མི་མང་གིས་བདམས་པའི་འཐུས་མིའམ་གྲོས་ཚོགས་ལ་སྤྲད་ཡོད་འདུག ལོ་གཉིས་ཀྱི་རྗེས་ཏེ་ཕྱི་ལོ་༢༠༠༨ ལོར་བལ་ཡུལ་གྱི་གྲོས་ཚོགས་ཀྱིས་རྒྱལ་པོའི་ལམ་ལུགས་མེད་པ་བཟོས་ཡོད་འདུག་པས། དུས་དེ་ནས་བཟུང་ད་བར་བལ་ཡུལ་གྱི་རྒྱལ་པོ་མི་མང་དཀྱུས་མ་ཇི་བཞིན་བསྡད་ཡོད་འདུག འོན་ཀྱང་། ད་ཆར་མི་མང་གིས་བལ་ཡུལ་གྱི་རྒྱལ་པོའི་ལམ་ལུགས་བསྐྱར་གསོ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག རྒྱུ་མཚན་ནི་བལ་ཡུལ་ནང་འདས་པའི་ལོ་༡༦ ནང་དམངས་གཙོའི་གཞུང་༡༣ བརྗེ་བོ་རྒྱག་དགོས་བྱུང་ཡོད་འདུག བལ་ཡུལ་ནང་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཀྱི་ཐོག་ནས་བལ་ཡུལ་གྱི་ཆབ་སྲིད་དང་སྲིད་དོན་ཚོགས་པའི་བར་མི་འཆམ་པའི་རྐྱེན་གྱིས་གཞུང་ཡང་ཡང་བརྗེ་བོ་རྒྱག་དགོས་འབྱུང་བཞིན་ཡོད་འདུག དེ་སྔོན་བལ་ཡུལ་མའོ་ཚོགས་པ་དང་བལ་ཡུལ་ཀང་རེ་སི་(Congress)ཚོགས་པ་གཉིས་མཉམ་འབྲེལ་གྱིས་ཟླ་བ་༡༥ རིང་གཞུང་བཟུང་ཡོད་ཀྱང་། ལོ་སྔོན་མར་ཚོགས་པ་དེ་གཉིས་བར་མ་འཆམ་ནས་གཞུང་འཐོར་ཡོད་འདུག་ལ། དེ་རྗེས་ཟླ་བ་འདིའི་ཕྱི་ཚེས་༤ ཉིན་བལ་ཡུལ་གྱི་དམར་ཤོག་ཚོགས་པ་(The Communist party of Nepal Unified Marxist_Leeinist)དང་མའོ་ཚོགས་པ་ (Comunist party Of Nepal-Moaist)ཟེར་བ་གཉིས་མཉམ་འབྲེལ་ཐོག་ནས་གཞུང་གསར་པ་ཞིག་བཙུགས་ཡོད་འདུག ད་ལྟའི་བལ་ཡུལ་གྱི་ལོ་རེ་ཡོང་འབབ་ཀྱི་བརྒྱ་ཆ་ནི་GDP ༡་༩ ཡིན་འདུག་ལ། ཡུལ་ཐང་འཕར་ཆའམ་ཅ་དངོས་ཀྱི་རིན་གོང་འཕར་ཚད་ཀྱི་བརྒྱ་ཆ་ནི་༧་༧ ཡིན་འདུག ལས་མེད་ཀྱི་བརྒྱ་ཆ་ནི་༡༡ དང་འདས་པའི་ཟླ་བ་༧ ནང་ལས་མེད་ཀྱི་བརྒྱ་ཆ་༡༩ འཕར་ཡོད་འདུག ད་ཆར་བལ་ཡུལ་གྱི་ཆབ་སྲིད་དང་དཔལ་འབྱོར་སོགས་གང་གི་ཐད་ནས་བརྟན་ལྷིང་མེད་པའི་རྐྱེན་གྱིས་བལ་ཡུལ་གྱི་གཞོན་སྐྱེས་མང་པོ་ཞིག་ཕྱི་ཕྱོགས་སུ་ཐོན་བཞིན་ཡོད་འདུག འདས་པའི་ཟླ་བ་༧ ནང་ཁྱོན་བལ་ཡུལ་གྱི་གཞོན་སྐྱེས་༤༠༠༠༠༠ ཙམ་ཕྱི་ཕྱོགས་སུ་ཕྱིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།