བསྐྱར་དུ་རྒྱ་གར་གྱི་ས་ཆ་རྒྱ་ནག་གི་ས་ཁྲའི་ནང་བཅུག་ན་བོད་དེ་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་སྟོན་དགོས་པར་བརྗོད།

ད་ཆར་རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་འགའ་ཤས་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བརྗོད་ནས་རྒྱ་ནག་གི་ས་ཁྲའི་ནང་བཅུག་ཡོད་པར་བརྟེན། རྒྱ་གར་གྱི་ཤེས་ཡོན་པའི་ཁྲོད་ནས་རྒྱ་གར་གྱིས་བོད་དེ་རང་བཙན་རྒྱལ་ཁབ་བམ་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་དགོས་ཚུལ་བརྗོད་མཁན་མང་པོ་ཡོད་འདུག
ཕྱི་ཚེས་༦ ཉིན་རྒྱ་གར་གྱི་(Firstpost)ནང་(Maj Gen Harsha kakar )ཟེར་བའི་རྩོམ་པ་པོ་ཞིག་གིས་རྒྱ་ནག་གི་ས་ཁྲ་ཡིས་བཟོས་པའི་རྙོག་གླེང་དང་རྒྱ་གར་གྱི་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཡང་ལེན་ཟེར་བའི་རྩོམ་ཞིག་བཏོན་ཡོད་པ་དང་། རྩོམ་དེའི་ནང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གཅིག་པུར་མ་ཡིན་པར། ཁྱིམ་མཚེས་རྒྱལ་ཁབ་གཞན་དག་མཉམ་དུ་ཡང་རྩོད་རྙོག་འབྱུང་བཞིན་ཡོད་པར་བརྟེན། གལ་སྲིད་བསྐྱར་དུ་རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་དག་རྒྱའི་ཁོངས་སུ་བཅུག་ན། རྒྱ་གར་གྱིས་ངེས་པར་དུ་བོད་དེ་རང་བཙན་གྱི་རྒྱལ་ཁབ་བམ་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ཡིན་པར་ཁྱབ་བསྒྲགས་བྱེད་དགོས་རེད་ཅེས་བརྗོད་འདུག རྩོམ་དེའི་ནང་ཕྱི་ལོ་༢༠༢༠ ལོའི་འགོ་ཙམ་ལ་རྒྱ་གར་དང་བལ་ཡུལ་གཉིས་(lipulekh)་དང་འབྲེལ་ནས་རྩོད་རྙོག་བྱུང་ཡོད་པ་དང་། ལོ་མཇུག་ཙམ་ལ་པ་ཀི་སི་ཐན་གཞུང་གིས་ས་ཁྲ་གསར་པ་ཞིག་བཏོན་ནས་དེའི་ནང་ཇ་མུ་དང་ཀ་ཤི་མེར་གཉིས་བཅུག་ཡོད་པར་བརྟེན། རྒྱ་གར་གཞུང་དང་པ་ཀི་སི་ཐན་བར་རྩོད་རྙོག་བྱུང་ཡོད་པར་བརྗོད་འདུག ད་ཆར་རྒྱ་ནག་གཞུང་གིས་ཚད་ལྡན་གྱི་ས་ཁྲ་ཞེས་པ་ཞིག་བཏོན་ནས་རྒྱ་གར་གྱི་ས་ཆ་ཨ་སི་ཁེ་ཆིན་དང་། ཨ་རུ་ན་ཅལ་མངའ་སྡེ་གཉིས་རྒྱ་ནག་གིས་ས་ཁྲའི་ནང་བཅུག་ཡོད་པ་དང་། དེ་སྔོན་ཨ་རི་ན་ཅལ་ནང་གི་ས་ཆ་མང་པོ་ཞིག་ལ་བོད་ལྷོ་ཕྱོགས་ཀྱི་ས་ཆ་ཡིན་ཞེས་བརྗོད་ནས་ས་ཆ་དེ་དག་གི་མིང་ཡང་བརྗེ་བོ་བརྒྱབས་ཡོད་པ་རེད་ཟེར། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གི་རང་བྱུང་ཐོན་ཁུངས་ཚན་པ་ནས་ས་ཁྲ་ཞིག་བཏོན་པར་བརྟེན། རྒྱ་ནག་གི་ཤར་ཕྱོགས་སུ་ཡོད་པའི་ཐེ་ཝན་གླིང་ཕྲན་དང་། རྒྱ་ནག་རྒྱ་མཚོ། ཧྥི་ལི་ཕིན། མ་ལེ་ཤི་ཡ། ཝེ་ཏེ་ནམ། ཉི་ཧོང་། ཨིན་རྡུ་ཉི་ཤི་ཡ་སོགས་རྒྱལ་ཁབ་མང་པོ་ཞིག་དང་ལྷན་དུ་ས་མཚམས་རྩོད་རྙོག་བྱུང་ཡོད་པར་བརྗོད་འདུག་ལ། ཡོང་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠ ཚོགས་ཆེན་གྱི་ཆེད་དུ་སྔོན་འགྲོ་ཞིག་འཚོག་དགོས་པ་དང་སྔོན་འགྲོ་དེ་ཨ་རུ་ན་ཅལ་ནང་འཚོག་རྒྱུའི་འཆར་གཞི་ཡོད་ཀྱང་། རྒྱ་ནག་གིས་སྐྱོན་བརྗོད་བྱས་ནས་ཨ་རུ་ན་ཅལ་ནང་ཚོགས་མེད་པར་བརྗོད་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་བཟོས་པའི་ས་ཁྲ་དེ་ནམ་ཡང་ངོས་ལེན་མེད་ཅེས་དང་། རྒྱ་ནག་གི་ཕྱོགས་ནས་གོམས་པ་རེ་རེ་མདུན་སྤོས་བྱས་པ་དེ་ལ་ས་མཚམས་ཀྱི་རྩོད་རྙོག་ཐོག་ལ་དྲི་བ་ཞིག་རེད་བརྗོད་ཡོད་འདུག རྒྱ་ནག་གི་ས་ཁྲ་དེ་ལ་རྒྱ་གར་གཙོས་པའི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚང་མས་ངོ་རྒོལ་དང་ངོས་ལེན་མེད་ཅེས་བརྗོད་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་བརྗོད་དོན་ལ་དུས་ནས་དུས་སུ་རྒྱ་ནག་གིས་རང་གི་མངའ་ཁུལ་བསྐྱར་ཞིབ་བྱེད་རྒྱུ་དེ་རྒྱ་ནག་གི་ལུགས་སྲོལ་ཡིན་པ་དང་། ང་ཚོའི་རེ་བ་ལ་ས་ཁྲའི་གནད་དོན་དང་འབྲེལ་བའི་རྙོག་གླེང་མང་པོ་མ་བྱས་ན་ཡག་གི་རེད་ཅེས་བརྗོད་ཡོད་འདུག ད་དུང་རྩོམ་དེའི་ནང་རྒྱ་ནག་གཞུང་གིས་ས་ཁྲ་དེ་འདྲ་ཞིག་བཏོན་པ་དེ་ཡིས་རྒྱ་གར་ལ་བརྡ་ལན་གང་འདྲ་ཞིག་སྤྲོད་ཀྱི་རེད་དམ། ཐག་ཆོད་པོའི་ཐོག་ནས་བརྗོད་ཐུབ་པ་ཞིག་ལ་རྒྱ་ནག་གཞུང་ལ་ས་མཚམས་རྩོད་རྙོག་དེ་སེལ་འདོད་རྩ་བ་ནས་མེད་པ་རེད། དེར་བརྟེན་ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཡོང་འདོད་མེད་པ་རེད་ཅེས་བརྗོད་འདུག གཉིས་པ་དེ་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ལབ་པ་ཡིན་ན་ཡང་རྒྱ་གར་ལ་དམག་དང་དཔལ་འབྱོར་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པའི་ནུས་པ་ཡོད་མ་རེད་དྲན་གྱི་ཡོད་པ་དང་། ས་ཁྲ་དེ་འདྲ་ཞིག་བཏོན་པ་ཡིན་ན་གནད་དོན་ཆེན་པོ་གང་ཡང་མི་ཡོང་ཡང་། རྒྱ་ནག་གི་ངོས་ནས་རྒྱ་གར་གྱིས་རྒྱ་ནག་ལ་སྐྱོན་བརྗོད་འདྲ་བྱེད་ཁ་གཏད་བཅའ་བཞིན་སྡོད་ཀྱི་རེད་དྲན་གྱི་ཡོད་རེད་ཅེས་དང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་གར་ངོས་ནས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཞི་ཅིན་ཕིན་གྱིས་འགོ་ཁྲིད་པའི་རྒྱ་ནག་གཞུང་དེ་ཆབ་སྲིད་དང་། དམག་དོན། གྲོས་མོལ་སོགས་གང་ཐད་ནས་རྒྱ་གར་ལ་སྡང་ཟུག་ཁོ་ན་ལས་ཞི་བ་ནམ་ཡང་བྱེད་མི་སྲིད་པར་བརྟེན། རྒྱ་གར་རང་གི་དམག་གི་སྟོབས་ཤུགས་དང་དཔལ་འབྱོར་གཉིས་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་རེད་ཅེས་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་གིས་རང་གི་ཉེ་འཁོར་ལ་ཡོད་པའི་རྒྱལ་ཁབ་ཆུང་གྲས་དག་ལ་བརྙས་བཅོས་གཏོང་གི་ཡོད་པ་དང་། གལ་སྲིད་རྒྱ་ནག་གིས་བསྐྱར་དུ་ས་ཁྲའི་ཐོག་ནས་རྩོད་རྙོག་སློང་གི་ཡོད་ན། རྒྱ་གར་གྱིས་ངེས་པ་དུ་བོད་དེ་རང་བཙན་རྒྱལ་ཁབ་གཅིག་གམ་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ཡིན་པ་ཁྱབ་བསྒྲགས་བྱེད་དགོས་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
