བསྟན་པ་འཇམ་དབྱངས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐེངས་༥༣༥ པ་དེ་སྤེལ་འདུག
ཟླ་འདིའི་ཚེས་༢༨ ཉིན་ནི་ཕྱི་ལོ་༢༠༢༢ ལོའི་རེས་གཟའ་ལྷག་པ་མཐའ་མ་དེ་ཡིན་པ་དང་། ལྷག་དཀར་སྲུང་བརྩི་དང་བསྟུན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡོད་པའི་བོད་མི་ཁག་ཅིག་གིས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་འགའ་ཞིག་དྲྭ་ཐོག་ཏུ་མཇལ་རྒྱུ་འདུག
ཟླ་འདིའི་ཚེས་༢༨ ཉིན་ཨ་རི་ལ་གནས་སྡོད་བྱེད་མཁན་བསྟན་པ་འཇམ་དབྱངས་ཀྱིས་ཕྱི་ལོ་༢༠༢༢ ལོའི་རེས་གཟའ་ལྷག་པ་མཐའ་མའི་ཉིན་དེ་ག་ས་གནས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ལྷག་དཀར་སྲུང་བརྩི་དང་། རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐེངས་༥༣༥ པ་དེ་སྤེལ་ཡོད་འདུག ཕྱི་ལོ་༢༠༡༢ ཟླ་༨ ཚེས་༣ ནས་ཁོང་གིས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། དུས་དེ་ནས་བཟུང་རེས་གཟའ་ལྷག་པ་ནམ་ཡིན་ལ་རང་ནུས་གང་ལྕོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་འདུག
འདས་པའི་དུས་ཡུན་རིང་པོའི་ནང་ཁོང་གིས་སྐབས་རེ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ཉིད་མཚམས་འཇོག་དགོས་པ་དང་། མཚམས་རེ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བཙན་ཁྲིད་བྱས་པའི་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པ། ཡང་ལན་རེ་བོད་ནང་གི་བོད་མི་ཚོ་ལ་གདོང་སེམས་མཉམ་སྐྱེད་བྱས་པ་སོགས་ཁོར་ཡུག་དང་དུས་ཚོད། བོད་ཕྱི་ནང་གི་གནས་སྟངས་སོགས་ལ་གཞི་ནས་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་རེད་འདུག བདུན་འདིའི་རེས་གཟའ་ལྷག་པའི་ཉིན་ཁོང་གིས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་ཁྱེར་ནས་དེ་ག་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་ཐེངས་༥༣༥ པ་དེ་ཉིད་སྤེལ་ཡོད་པ་དང་། ཁོང་གིས་སོ་སོའི་ངོ་དེབ་ཐོག་ཏུ་༢༠༢༣ ལ་བོད་མི་རིགས་ཀྱི་དོན་དུ་ལས་འགུལ་གང་མང་སྤེལ་ཐུབ་པའི་སྨོན་ལམ་ཞུ། ཨིན་ཇིའི་ལོ་གསར་ལ་གྲོགས་སྤུན་ཚང་མར་བཀྲ་ཤིས་བདེ་ལེགས་དང་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་ཤོག་ཅེས་བྲིས་ནས་སྤེལ་འདུག
དེ་བཞིན་ཁེ་ན་ཌ་གནས་སྡོད་བྱེད་མཁན་སངས་རྒྱས་སྐྱབས་གཙོས་པའི་བོད་མི་ཁག་ཅིག་གིས་བོད་ལ་རང་དབང་མེད་པ་དང་། ཕྱི་ལོ་༡༩༩༥ ལོ་ནས་པཎ་ཆེན་རིན་པོ་ཆེ་ག་སོང་ཆ་མེད་གྱུར་ཡོད་པ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་འཕྲེད་དར་ཁྱེར་ནས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་ལ། ལས་འགུལ་དེ་དང་འབྲེལ་བའི་ཐོག་ཁོང་གིས་ཕྱི་ལོ་༡༩༥༩ ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་ཡོད་པར་ངོ་རྒོལ་དང་། ཁེ་ན་ཎ་ལྟ་བུའི་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་ཚང་མ་ཁུ་སིམ་དུ་འདུག་མི་རུང་བ་དང་། བོད་ནི་བོད་མི་ཚོ་ལ་དབང་བ་ཡིན་ཞེས་བྲིས་ནས་སོ་སོའི་ངོ་དེབ་ཐོག་ཏུ་སྤེལ་འདུག
སངས་རྒྱས་སྐྱབས་ཀྱིས་ཀྱང་འདས་པའི་དུས་ཡུན་མང་པོའི་རིང་བོད་དང་བོད་མི་ཚོའི་ཆེད་དུ་ཧ་ལམ་རེས་གཟའ་ལྷག་པ་འཆར་ཅན་ལ་སོ་སོའི་ས་གནས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་འདུག ཐེངས་འདིའི་ལས་འགུལ་གྱི་ཁྲོད་དུ་དེ་ག་ས་གནས་སུ་ཡོད་པའི་ཡི་ཤེས་དང་བྱམས་པ་དཔལ་སྒྲོན། བསྟན་འཛིན་ནོར་སྒྲོན་དང་ཀུན་དགའ། སློབ་གཉེར་བ་བསྟན་འཛིན་སྒྲོལ་མ་བཅས་བོད་མི་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།