བུད་མེད་ཅིག་གིས་རང་ལུས་མེར་སྲེག་གི་རྒྱ་ནག་ལ་ངོ་རྒོལ།
ཟླ་འདིའི་ཚེས་༥ ཉིན་སྟེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར་བོད་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་པའི་བུད་མེད་ནོར་ཕྱུག་གིས་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེ་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་འདུག
དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རང་སྲེག་ངོ་རྒོལ་བ་ནོར་ཕྱུག་ནི་རང་ལོ་༤༧ ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚེ་བདག་དང་། མ་མིང་ལ་འོད་སྒྲོན། ཁྱོ་གའི་མིང་ལ་དཔལ་རྩལ་ཟེར་གྱི་ཡོད་པ་འདུག ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་འདུག
ནོར་ཕྱུག་གིས་ལོ་ཤས་གོང་ནས་༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་དམིགས་ནས་དམར་ཟས་རྩ་བ་ནས་སྤངས་ཡོད་འདུག
ཁོང་མོས་མཚན་མོར་རང་ལུས་མེར་སྲེག་བཏང་བ་ཡིན་སྟབས་སྐུ་ཕུང་རྒྱ་ལག་ཤོར་མེད་ནའང་རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་ཕྱི་ཚེས་༦ ཉིན་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་ཞུགས་འབུལ་ཞུས་ཡོད་ཅིང་། ད་ཆ་ས་གནས་ཉེན་རྟོག་པས་དམ་དྲགས་བྱེད་བཞིན་ཡོད་པས་དེ་ལས་ལྷག་པའི་ཞིབ་ཕྲའི་གནས་ཚུལ་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ཁོང་མོ་རྔ་བ་རྫོང་ཁོངས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཐེངས་སོ་བདུན་པ་དང་། རྔ་བ་རྫོང་ཁོངས་ནས་བུད་མེད་རང་ལུས་མེར་སྲེག་གནང་མཁན་ལྔ་པ་དེ་ཡིན་འདུག །
ཕྱི་ཟླ་༣ ཚེས་༨ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་སྟེང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས། རང་ལོ་༡༨ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་གིས་ལྕིབས་ཏེ་མགོ་ཐོག་ཏུ་འཕྱར་ནས་རྒྱལ་བ་རིན་པོ་ཆེ་”བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ ཞེས་སྐད་འབོད་གནང་བཞིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་ཡོད་ཅིང་། ཅུང་མ་འགོར་བར་ཉེན་རྟོག་པ་འབྱོར་ཏེ་ཁོང་བཙན་ཁྲིད་བྱས་ཡོད་འདུག
ཁོང་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་༨ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།