བུད་མེད་ལ་མཐོང་ཆུང་བྱེད་རྒྱུ་གཏན་ནས་ཡོད་མ་རེད་ཅེས་བརྗོད་སོང་།

བུད་མེད་ཟེར་བ་དེར་མཐོང་ཆུང་གནང་རྒྱུ་གཏན་ནས་ཡོད་མ་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུས་བུད་མེད་ལ་མཐོང་སྤྲོད་དགོས་རེད་གསུངས་ཡོད་རེད་ཅེས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་༨ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དྷ་ས་མེག་གྷན་གྱི་ཁྲོམ་གཞུང་དུ་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོའི་དུས་ཆེན་སྲུང་བརྩིའི་ལས་འགུལ་ཞིག་སྤེལ་སོང་ཞིང་། སྐབས་དེར་མཉམ་ཞུགས་བྱེད་མཁན་ཚོས་བུད་མེད་ཀྱི་གནས་སྟངས་དང་འབྲེལ་བའི་འབོད་ཚིག་རྣམས་ཤོག་བྱང་ཆེན་པོ་ཞིག་གི་ངོས་སུ་བྲིས་སོང་བ་མ་ཟད། མཉམ་ཞུགས་བྱེད་མཁན་རྣམས་ཤོག་བྱང་དེའི་དབུས་སུ་ཨི་ཁུང་གྲུ་བཞི་ཁ་གང་མ་སྒེ་ཁུང་ལྟ་བུ་ཡོད་པ་ཞིག་གི་རྒྱབ་ཏུ་རེས་མོས་བཞིན་འཁྱུག་ཙམ་རིང་བསྡད་ནས་ལག་ཏུ་བུད་མེད་ཀྱི་གནས་སྟངས་འཁོད་པའི་ཤོག་བྱང་ཆུང་ཆུང་རེ་བཟུང་སོང་།

དེ་ཡང་ལས་འགུལ་སྐབས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་གསར་འགོད་པར། ལོ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་ཆེ་ཆུང་ཙམ་མ་གཏོགས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། དེ་ནི་འཛམ་གླིང་གི་བུད་མེད་ཚོར་དགོས་པ་དེ་བོད་ཀྱི་བུད་མེད་ཚོར་དགོས་ཀྱི་ཡོད་པའི་རྒྱུ་མཚན་དང་། བུད་མེད་ཅིག་ཡིན་པའི་ཆ་ནས་ཤེས་ཡོན་དང་དཔལ་འབྱོར་ཡོད་མེད་ཅི་ཞིག་ཡིན་རུང་ཚང་མར་སྤྱི་ཚོགས་ནང་དུ་དཀའ་ངལ་ཞིག་ཡོད་སྟབས། བུད་མེད་ཀྱི་ཉིན་མོའི་ཐོག་ལས་འགུལ་སྤེལ་ནས་བུད་མེད་ཚོར་བུད་མེད་ཀྱི་ཉིན་མོ་གལ་ཆེན་པོ་ཡིན་པ་དང་། རྟག་ཏུ་བུད་མེད་ཚོ་རྒྱབ་ཏུ་མི་སྡོད་པར་མདུན་ལ་ཐོན་ཐུབ་པ་ཡོང་བ་བཅས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་སོང་།

དེ་བཞིན་མོས་བོད་ཀྱི་བུད་མེད་ཚོའི་དཀའ་ངལ་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་གཟིགས་དགོས་སྐོར་དུ་“༧གོང་ས་མཆོག་གི་བཀའ་དྲིན་འོག་བུད་མེད་མང་པོ་ཞིག་ལ་ཤེས་ཡོན་གྱི་གོ་སྐབས་ཡག་པོ་ཐོབ་ཀྱི་ཡོད་ཀྱང་། དེ་གཅིག་པུས་མི་ཕན་པར་སྤྱི་ཚོགས་ནང་ཐོན་ཡོང་དུས་སོ་སོའི་རྐང་པའི་སྒང་ལངས་ཐུབ་པ་ཞིག་དང་། སྤྱི་ཚོགས་ལ་ཕན་ཐོགས་པ། ༧གོང་ས་མཆོག་གི་བཀའ་སྒྲུབ་ཐུབ་པ་ཞིག་དགོས་རེད། དེའི་གོ་སྐབས་དེ་མང་པོ་ཞིག་ལ་རག་གི་ཡོད་མ་རེད། ང་ཚོའི་འགོ་ཁྲིད་ཚོས་ཚོགས་འདུ་ཚོགས་ཏེ་འཆར་གཞི་ཤུགས་ཆེན་པོ་བཟོས་ནས་ལས་ཀ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་གསུང་གི་ཡོད་རེད། དེ་འདྲ་ཡིན་ན་ང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་རེད། ང་ཚོ་དཔལ་འབྱོར་གྱི་ཐོག་ནས་གཞུང་ལ་བརྟེན་བསྡད་པ་གང་ཡང་ཡོད་མ་རེད། ང་རང་ཚོ་རང་རྐང་ཐོག་ལངས་ཏེ་སྤྱི་ཚོགས་ནང་ག་རེ་ཕན་ཐོགས་ཀྱི་འདུག བུད་མེད་ལ་ག་ཚོད་ཕན་ཐོགས་ཀྱི་འདུག བུད་མེད་རྣམས་ཇི་ལྟར་སློང་ཐུབ་ཀྱི་འདུག་བལྟས། དེ་འདྲའི་ལས་ཀ་བྱས་ནས་ང་ཚོ་འགྲོ་བསྡད་ཀྱི་ཡོད་རེད། ཡི་ན་ཡང་། ང་ཚོའི་སྐྱབས་བཅོལ་གཞུང་ནས་ཏོག་ཙམ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མ་སྤྱི་ཚོགས་ཞབས་བྱེད་ཞུ་མཁན་གཅིག་པ་ཡིན་པའི་ངོས་ནས་ང་ཚོར་དཔལ་འབྱོར་གནང་དགོས་ཟེར་གྱི་མེད་ཀྱང་། ག་རེ་ཡིན་ཡང་མར་སློབ་སྟོན་གནང་། ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས་ཏེ་ང་ཚོས་ཞུས་པ་རྣམས་ལ་ཏོག་ཙམ་གསན། དེའི་ནང་ནས་བུད་མེད་ཟེར་བ་དེར་མཐོང་ཆུང་གནང་རྒྱུ་གཏན་ནས་ཡོད་མ་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུས་བུད་མེད་ལ་མཐོང་སྤྲོད་དགོས་རེད་གསུངས་ཡོད་རེད།”ཅེས་དང་། བུད་མེད་ཀྱི་གནས་སྟངས་ཡག་པོ་ཡོད་ཚེེ་སྤྱི་ཚོགས་ཀྱང་རིམ་བཞིན་བརྒྱ་ཆ་བརྒྱ་ཡག་པོ་ཆགས་ཀྱི་ཡོད་པ་དང་། འགོ་ཁྲིད་ཚོས་ཕྱི་རྒྱལ་ཁག་ལ་དམིགས་དཔེ་བལྟས་ཏེ་མི་མང་གི་དཀའ་ངལ་ཐོག་སླེབ་མི་ཐུབ་པའི་གཏམ་བཤད་རྫིག་པོ་བཤད་དེ་བསྡད་ན་དེས་ཕན་ཐོགས་ཀྱི་མེད་སྐོར་བཅས་སོགས་བརྗོད་སོང་།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།