བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩ པ་དབུ་འཛུགས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩ པ་དབུ་འཛུགས་དང་། མཛད་སྒོའི་ཐོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༧ པའི་དབུས་རྒྱུན་རྣམ་པ་དང་དབུས་ས་གཉིས་སུ་ཞབས་ལོ་༡༥ ཧྲིལ་པོ་རྒྱུན་ལས་གནང་སྟེ་ཞབས་ཞུ་སྒྲུབ་མཁན་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དང་རང་བཙན་གཟེངས་རྟགས། དམིགས་བསལ་ཆེ་བསྟོད་གཟེངས་རྟགས་སོགས་ཕུལ་སོང་།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༩ ཉིན་གྱི་ཞོགས་པ། དྷ་ཤོད་བོད་ཁྱིམ་གྱི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩ པ་དབུ་འཛུགས་གནང་སོང་། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་། གཞོན་ལྷན་དབུས་རྒྱུན་ཟུར་པ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་། གཞོན་ལྷན་དབུས་རྒྱུན་ཟུར་པ་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས། གཞོན་ལྷན་དབུས་རྒྱུན་ཟུར་པ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས། གཞོན་ལྷན་དབུས་རྒྱུན་ཟུར་པ་བཀའ་ཟུར་བློ་བཟང་སྙན་གྲགས། གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་དང་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། སློབ་དཔོན་ཐུབ་བསྟན་རྒྱལ་མཚན། བློ་བཟང་ཐུབ་བསྟན། རྡོ་རྗེ་ཚེ་བརྟན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལས་སྣེ་རྣམ་པ། དབུས་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་ས་གནས་ཁག་༤༥ ནས་ཚོགས་བཅར་བ་༢༠༠ མ་ཟིན་ཙམ་ཕེབས་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་དེ་ནི་བྱུང་རིམ་གྱི་ཆ་ནས་ཚོགས་པ་རྙིང་ཤོས་གྲས་དང་། ཚོགས་མིའི་ཆ་ནས་གྲངས་ཀ་མང་ཤོས་ཤིག་ཆགས་ཡོད་པ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་དང་རིག་གཞུང་སྲུང་སྐྱོབ། མི་སྣ་སྐྱེད་སྲིང་དང་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚོགས་པ་གལ་ཆེན་ཞིག་ཆགས་ཡོད་པ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གྲུབ་འབྲས་ལ་ངོས་འཛིན་གྱིས་མུ་མཐུད་གནས་ན་བསམ་པའི་ཐུགས་རེ་ཡོད་པ་ལྟར། རིན་པོ་ཆེ་ཁོང་གིས་ཀྱང་རེ་བ་ཆེན་པོ་ཡོད་ཅེས་དང་། གཞོན་སྐྱེས་ཚོས་ཆོལ་ཁ་དང་ལུང་ཚན་དེའི་ཁོངས་སུ་གཏོགས་པ་ཡིན་ཞེས་གཙོ་བོ་མ་ཡིན་པ། བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་དགོས་གལ་ཆེ་བ་དང་། མ་འོངས་པར་ཕྱག་ལས་དང་འགན་འཁུར་པའི་སྐབས། ནུས་པ་གཅིག་ཏུ་སྒྲིལ་རྒྱུའི་ཐོག་ལ་ཐུགས་འཁུར་བཞེས་དགོས་པ་སོགས་ཀྱི་བཀའ་སློབ་གསུང་བཤད་གནང་སོང་།
དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་འཐབ་རྩོད་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ནི་སྔོན་མའི་ལོ་རྒྱུས་ཀྱི་གནས་བབ་དེ་ཆགས་ཀྱི་ཡོད་པ་དང་། བོད་མི་རིགས་ལ་སྐད་ཡིག་དང་རིག་གཞུང་སོགས་ཡོད་པ་མ་ཟད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས་ཞེས་གསུང་པ་ལྟར། བོད་མི་རིགས་ནི་ཡིད་སྨོན་ཤོར་དགོས་པ་དང་སྤོབས་པ་བྱེད་འོས་པའི་མི་རིགས་ཤིག་ཆགས་ཡོད་པ་རེད་ཅེས་དང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས། དེ་བཞིན་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་ཐོག་སྤེལ་བཞིན་པའི་སྲིད་བྱུས་དེ་ནོར་འཁྲུལ་ཅན་དང་ནག་ཉེས་ཅན་གྱི་སྲིད་བྱུས་ཤིག་ཡིན་པ་ར་སྤྲོད་དང་ཐེར་འདོན་བྱེད་ཐུབ་དགོས་པ་དང་། དགོས་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་ལ། བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ང་ཚོའི་འཐབ་རྩོད་གནས་དགོས་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱལ་སྤྱིའི་ཐོག་དོ་སྣང་ཡོང་ཐུབ་རྒྱུ་ཞིག་ང་ཚོས་བཟོ་དགོས་པ། དེ་ལྟར་མ་ཐུབ་ན་འཐུས་ཤོར་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ། ད་ལྟའི་བར་དུ་བོད་ནང་གིས་བོད་མི་ཚོས་༧གོང་ས་མཆོག་གཙོས་བསྟན་བདག་བླ་ཆེན་རྣམ་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བློ་སྙིང་བྲང་གསུམ་གཏད་ནས་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། ཡིད་ཆེས་དེ་བརླག་པ་ཡིན་ན་སུ་གཅིག་གིས་སླར་གསོ་བྱེད་ཐུབ་ཐབས་མེད་པས་ཡིད་གཟབ་དགོས་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་གསུང་བཤད་གནང་སོང་།
དེ་རིང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཏུ། མཁས་དབང་འཇམ་དབྱངས་ནོར་བུ་ལ་རང་བཙན་གཟེངས་རྟགས་དང་། འབུམ་རམས་པ་རྒན་རྒྱལ་ལོ་ལ་དམིགས་བསལ་ཆེ་བསྟོད་གཟེངས་རྟགས། དེ་བཞིན་དིང་རིའི་ཁུལ་དུ་རོགས་རམ་གནང་མཁན་ཡོངས་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་བཅས་ཕུལ་སོང་།
གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༧ པའི་དབུས་རྒྱུན་རྣམ་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་སུ་ཞབས་ལོ་༡༥ ཧྲིལ་པོ་རྒྱུན་ལས་གནང་སྟེ་ཞབས་ཞུ་སྒྲུ་མཁན་རྣམས། དེ་བཞིན་ས་གནས་རྩེ་ཕུད་གསུམ་བཅས་ལ་ཕྱག་རྟགས་ཕུལ་སོང་།
དེ་རིང་ནས་ཕྱི་ཟླ་༡༠ ཚེས་༥ བར་ཉིན་གྲངས་བདུན་གྱི་རིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ། ༧གོང་ས་མཆོག་གི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཀྱི་སྐོར། གཞོན་ལྷན་གྱི་དམིགས་ཡུལ་བོད་རང་བཙན་སླར་གསོ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་དང་། རང་བཙན་འཐབ་རྩོད་རྒྱུན་འཁྱོངས་ཡོང་སླད་གཞོན་ལྷན་ནས་ལས་འགུལ་བརྩམ་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་དང་། དབུས་ཀྱི་རྒྱུན་ལས་གསར་པ་འོས་འདེམས་སོགས་གནང་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།

