བོད་ཀྱི་གློག་བརྙན་ཐར་ལོ་ལ་བྱ་དགའ་གསུམ་ཐོབ་འདུག
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་ཐར་ལོ་ལ། སྐབས་བརྒྱད་པའི་རྒྱ་ནག་གི་གློག་བརྙན་དུས་སྟོན་ཞིག་ཐོག་བྱ་དགའ་གསུམ་ཐོབ་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༡ ཉིན་བོད་ནང་གི་བོད་ཡིག་གསར་འགྱུར་བརྒྱུད་ལམ་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་སྟེང་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༡༩ ཉིན་ན་གཞོན་གློག་བརྙན་ལག་དེབ་ཅེས་པས་གཙོ་འགན་ཁུར་བའི་སྐབས་བརྒྱད་པའི་རྒྱ་ནག་གི་གློག་བརྙན་རྩེ་ཕུད་བཅུའི་བྱ་དགའི་མཛད་སྒོའི་སྟེང་། པདྨ་ཚེ་བརྟན་གྱི་གློག་བརྙན་ཐར་ལོ་ལ། ཕྱི་ལོ་༢༠༡༦ ལོའི་རྒྱ་ནག་གི་གློག་བརྙན་རྩེ་ཕུད་བཅུའི་བྱ་དགའ་ཨང་དང་པོ་དང་། གློག་བརྙན་དེ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་འཁྲབ་འཁྲིད་པ་རྩེ་ཕུད་བྱ་དགའ། འཁྲབ་སྟོན་པ་གཡང་ཕྱུག་མཚོ་ལ་སྐྱེས་མ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་བཅས་ཐོབ་ཡོད་འདུག
གློག་བརྙན་ཐར་ལོའི་ནང་གི་འཁྲབ་སྟོན་པ་གཙོ་བོ་ནི་ཞི་བདེ་ཉི་མ་དང་གཡང་ཕྱུག་འཚོ་གཉིས་ཡིན་པ་དང་། ད་བར་གློག་བརྙན་དེར་རྒྱལ་སྤྱི་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་ཁག་མང་པོ་ཞིག་ཏུ། རྩེ་ཕུད་ཀྱི་བྱ་དགའི་སྡེ་ཚན་འདྲ་མིན་ཁུངས་སུ་འོས་མིང་འདེམས་ཐོན་བྱུང་ཡོད་པ་དང་། བྱ་དགའ་ཐོབ་པ་ཁག་ཅིག་བྱུང་ཡོད་པ་རེད།
གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་དང་འཚོལ་སོགས་ལ་ཡང་རྒྱལ་སྤྱིའི་ཐོག་ངོས་འཛིན་ཆེན་པོ་ཐོབ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
