བོད་ཀྱི་གློག་བརྙན་དུས་སྟོན་ལ་དགའ་མོས་བྱེད་བཞིན་པ།
སེང་གྷ་པུར་(strait times) བརྒྱུད་ལམ་ལ་གནས་ཚུལ་བཀོད་པ་ལྟར་ན། ཨེ་ཤི་ཡའི་རྒྱལ་ཁབ་སེང་གྷ་པུར་དུ་ཟླ་འདིའི་ཚེས་༢༩ དང་༣༠ ཉིན་ལ་བོད་ཀྱི་གློག་བརྙན་དུས་སྟོན་ཞིག་ཚོགས་འཆར་ཡོད་པའི་ལག་འཛིན་ཆ་ཚང་སྔོན་ཚུད་ནས་རྫོགས་ཡོད་པ་དང་། དེ་ནི་སེང་གྷ་པུར་ཐེངས་དང་པོ་ཡིན་འདུག
དུས་སྟོན་དེ་ནི་མ་ཅིག་(Machik)ཞེས་པའི་ཚོགས་པས་གོ་སྒྲིག་བྱེད་ཀྱི་ཡོད་འདུག་པ་དང། དེ་གར་སྙན་གྲགས་ཆེ་བའི་བོད་ཀྱི་གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་གྱི་གློག་བརྙན་གཡང་མདའ་དང། གཞན་བོད་ཀྱི་གློག་བརྙན་གསུམ་བཅས་སྟོན་རྒྱུ་ཡིན་འདུག
གོ་སྒྲིག་པ་བློ་བཟང་རབ་རྒྱལ་གྱིས་ “ང་ཚོ་དེ་སྔོན་གློག་བརྙན་དུས་སྟོན་མང་པོར་འཛུལ་ཞུགས་བྱེད་མྱོང་ཡོད་ཀྱང། བོད་ཀྱི་གློག་བརྙན་དུས་སྟོན་ལོགས་སུ་གོ་སྒྲིག་བྱེད་པ་ཐེངས་དང་པོ་ཡིན་ཁར། དེ་ཡང་ཡར་ཐོན་རྒྱལ་ཁབ་སེང་གྷ་པུར་ལྟ་བུར་བྱེད་རྒྱུ་རག་པ་མ་ཟད། མི་མང་པོ་ཞིག་གིས་དོ་སྣང་དང་དགའ་བོ་བྱེད་ཀྱི་འདུག་པ་དང་། ཨ་རི་དང་རྒྱ་གར་ནས་ང་ཚོར་དེ་གར་དུས་སྟོན་གོ་སྒྲིག་བྱེད་པའི་སྐུལ་མ་ཡང་བྱས་བྱུང།”ཞེས་བརྗོད་ཡོད་འདུག
གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་གྱིས་བོད་པའི་གློག་བརྙན་བཟོ་མཁན་ཞིག་གི་དཀའ་ངལ་ཆེ་ཤོས་ནི་དཔལ་འབྱོར་དང་དེ་བཞིན་གློག་བརྙན་ཚང་མ་གཞུང་གི་སྟངས་འཛིན་འོག་ལ་འགྲོ་དགོས་པ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
དེ་སྔོན་པད་མ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ཞེས་པ་དེ་ལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཆེ་མཐོང་དང་བྱ་དགའ་ཡང་ཐོབ་ཡོད་པ་རེད།
སྐལ་བཟང་དོན་གྲུབ།