བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་པའི་དཔེ་དེབ་གསར་པ་དགུ།

མདོ་སྡེའི་སྡེ་སྣོད་ཀྱི་ཕྲན་ཚེགས་ཀྱི་མདོ་ལས་མདོ་སྡེ་བསྡུས་པའི་ལུང་ཞེས་པའི་དཔེ་དེབ་འདི་ནི་ལོ་ཙྰ་བ་ཌོག་ཊར་ཟླ་བ་ཤར་པ་ལགས་ཀྱིས་པྰ་ལིས་ནས་བསྒྱུར་གནང་བ་ཞིག་ཡིན་ཞིང་། ཤོག་གྲངས་༢༩༢ དང་ཚོམས་སམ་སྡེ་ཚན་ལྔ་ལས་གྲུབ་པའི་དེབ་འདིའི་བརྗོད་བྱ་ནི་སྲིད་པའི་མཚོ་ལས་བརྒལ་སྟངས་ནས་ཞི་བ་མྱང་འདས་ཐོབ་ཚུལ་གྱིས་མཚོན་པའི་གདུལ་བྱ་མི་འདྲ་བར་ཆོས་ཚུལ་སྣ་ཚོགས་ཤིག་དྲི་བ་དྲི་ལན་གྱི་ལམ་ནས་གསུངས་པ་ཞིག་རེད་འདུག མ་ཟད་ཚོམས་འདི་དག་ནི་མདོ་སྡེའི་ནང་ནས་སྔ་ཤོས་གྲས་ཡིན་པ་དང་། ནང་པའི་བཀའ་དང་བསྟན་བཅོས་ཀུན་རྟོགས་པ་ལ་གནས་བརྟན་སྡེ་པའི་བཀའང་ཁོ་བོ་ཅག་གིས་ངེས་པར་དུ་མཇལ་དགོས་པར་སྣང་བས་མདོ་སྡེ་འདི་ཁོང་གིས་བོད་སྐད་བསྒྱུར་ཚུལ་གསུངས་འདུག་ལ། དེ་ཡང་ད་ལྟ་དབྱིན་ཇི་དང་ལེགས་སྦྱར། དེ་བཞིན་ཧིན་དྰིའི་ནང་བཅས་བཞུགས་པའི་འགྱུར་ལ་ལོ་ཙྰ་བས་ཁུངས་ཡང་དག་གཏུགས་ཏེ་རང་བཟོ་མེད་པའི་ཐབས་ལ་འབད་དེ་བསྒྱུར་ཡོད་པར་གསུངས་འདུག་པ་དང་། དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ནང་ཆོས་དེབ་ཕྲེང་༤༢ ཞེས་དཔར་དུ་བསྐྲུན་འདུག

ཧི་མ་ལ་ཡའི་གནའ་གྲོང་ཉུལ་བ་ཞེས་པའི་དཔེ་དེབ་འདི་ནི་ཤིས་ཚང་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་འདུག་ལ། རྩ་བའི་སྡེ་ཚན་གསུམ་དང་ཤོག་གྲངས་༢༥༢ ལས་གྲུབ་པའི་དེབ་འདིའི་ནང་དོན་ནི། གར་ཞ་དང་སྤྱི་ཏི། ཁུ་ནུ་བཅས་ལ་སྐྱོད་སྐབས་རི་ཆུ་གནས་གསུམ་གྱི་མཐོང་ཐོས་ཁྲ་ལམ་མེར་ཀློག་པ་པོའི་མིག་མདུན་དུ་བཤམས་པའི་རེག་ཟིག་སྤུས་དག་པོ་ཞིག་རེད་འདུག དེ་བཞིན་རང་ཉིད་ས་ཆེན་པོའི་ཐ་གྲུ་འདིའི་གནའ་ཤུལ་གནས་ཆེན་གང་དུ་བསྐྱོད་ཀྱང་སྒྲོ་སྐུར་དང་བྲལ་བའི་མཐོང་ཐོས་མྱོང་གསུམ་གང་མང་མང་ཕྱི་རབས་པར་ཡིག་འཇོག་ཏུ་སྤེལ་རྒྱུ་ནི་ང་ཚོ་ཐུན་མོང་ལ་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གིས་གདམས་པའི་བསླབ་བྱ་གལ་ཆེན་ཞིག་ཏུ་འདོད་ཅེས་རྩོམ་པ་པོས་གསུངས་འདུག་པ་དང་། དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༦༩ ཞེས་དཔར་དུ་བསྐྲུན་འདུག

མ་ཤི་གསོན་བྲལ་ཞེས་པའི་དེབ་འདི་ནི་ཀླུ་རྒྱལ་དོན་འགྲུབ་ལགས་ཀྱིས་བརྩམས་གནང་ཞིང་།
བརྗོད་བྱ་ནི་རྩོམ་པ་པོའི་མི་ཚེའི་བརྒྱུད་རིམ་ཞིག་སྟེ་བྱིས་དུས་ཀྱི་གནས་སྐབས་ནས་བྲོལ་བྱོལ་གྱི་ལམ་བུ། ཡུལ་གྱར་གྱི་འཚོ་བ་དང་ཕ་ཡུལ་དུ་གཉེན་འཕྲད་ཕྱིན་རབས། གཉེན་འཕྲད་འགྲོ་སྐབས་རྒྱ་གཞུང་གིས་འཇིགས་སྐུལ་བྱས་པ་སོགས་དཀའ་ངལ་དུ་མ་སྤྲད་ཚུལ། མཐའ་མར་ཡོ་རོབ་ཏུ་སྐྱབས་བཅོལ་གྱི་ཁ་ཕྱོགས་སྟངས་སོགས་བཙན་བྱོལ་བའི་ལས་དབང་མི་འདྲ་བ་སྣ་ཚོགས་མཚོན་པའི་མི་ཚེའི་ལོ་རྒྱུས་ཤིག་རེད་འདུག དེའང་ཁོང་ལ་བོད་མི་བྱིངས་ཀྱི་མི་ཚེའི་བརྒྱུད་རིམ་དང་མི་འདྲ་བའི་བརྒྱུད་སྟངས་ཁྱད་པར་བ་ཞིག་ཡོད་པ་དང་། ལྷག་ཏུ་༧གོང་ས་མཆོག་གིས་བོད་མི་རྣམས་ཀྱིས་རང་རང་གི་ལོ་རྒྱུས་ཡིག་འཇོག་བྱེད་དགོས་པའི་ལམ་སྟོན་བསྩལ་བ་དེ་སྣང་མེད་དུ་མ་བཞག་པའི་དགེ་མཚན་ཡང་འབྱུང་བར་མཐོང་ནས་དེབ་འདི་བརྩམས་པར་གསུངས་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༧༢ ཞེས་དཔར་དུ་བསྐྲུན་འདུག

ཉིན་མོའི་སྐར་མ་ཞེས་པའི་དེབ་འདི་ནི་༡༨༨༥ ནས་༡༩༣༩ ཡས་མས་སུ་གུཇརཏྰི་ཤེས་ཡོན་སློབ་སྟོན་པའམ་དགེ་རྒན་གྲགས་ཅན་གིཇུབྷྰཨི་བདྷེཀྰ་ཡིས་བརྩམས་ཤིང་བསྟན་འཛིན་ནམ་མཁས་བོད་སྒྱུར་གནང་འདུག དེབ་འདིར་ཤོག་གྲངས་༡༨༢ དང་ལེའུ་གསུམ་གྱིས་གྲུབ་པ་ཞིག་རེད་འདུག་ལ། བརྗོད་བྱ་ནི་དགེ་རྒན་ཁོང་གིས་བྱིས་པའི་སློབ་ཁྲིད་ཐབས་ལམ་སྐོར་ཕྱག་དེབ་མང་པོ་བཀླགས་པ་དང་བསམ་བློ་ཞིབ་ཚགས་བཏང་སྟེ། མཐར་ལག་བསྟར་གྱི་ཉམས་མྱོང་ལས་གནའ་རབས་ཀྱི་སློབ་སྦྱོང་སྤྲོད་སྟངས་བཅོས་བསྒྱུར་གྱིས་ལོ་ཆུང་བྱིས་པའི་སློབ་སྦྱོང་ཡར་རྒྱས་དང་བསམ་བློའི་རང་དབང་། དེ་བཞིན་རང་ཁ་རང་གསོའི་ཁོར་ཡུག་སོགས་རང་ཉིད་ཀྱིས་བསྐྲུན་པ་དང་གཞན་ལའང་དེ་ལྟར་དགོངས་འཆར་བཏོན་པའི་སྐོར་རེད་འདུག ལོ་ཙྰ་བས་ཀྱང་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་བཞིན་པའི་དགེ་རྒན་ཡོངས་ནས་གནའ་རབས་ཀྱི་སློབ་ཁྲིད་ཐབས་ལམ་ཁོ་ནར་གཞི་མ་བཅོལ་བར། སློབ་མའི་སེམས་ཁམས་དང་བསྟུན་ནས་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་བེད་སྤྱོད་བྱེད་ཕྱིར་དུ་ཡིན་པར་གསུངས་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ཀུན་ཕན་དེབ་ཕྲེང་༡༡ ཞེས་དཔར་དུ་བསྐྲུན་འདུག

ཡིད་དུ་འོང་བའི་རི་མོ་དང་ཧ་ཅང་སྙན་པའི་སྒྲུང་བཅས་ལས་གྲུབ་པའི་བྱིས་སྒྲུང་། གླག་ཕྲུག་གིས་འཛམ་གླིང་ཉུལ་བ། བུ་ཆུང་དང་གླང་ཆེན་གྱི་ཕྲུ་གུ གངས་མི་བཟོ་བ། ཁྱོད་ཀྱིས་ཅི་ཞིག་བསྒྲུབ་ཐུབ། དོམ་ཁྲ་ཆེ་ཆུང་གཉིས་བཅས་དེབ་ཆུང་ལྔ་པོ་འདི་ནི་རྩོམ་པ་པོ་ཀུ་ས་ལིས་བརྩམས་གནང་ཞིང་། བོད་ཀྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་འདུག དེབ་འདིའི་རི་མོ་དང་སྒྲུང་གང་ལ་བལྟས་ཀྱང་ལོ་ཆུང་བྱིས་པ་ཚོས་དགའ་སྣང་ཏན་ཏན་བྱེད་ས་རེད་སྙམ་པ་ཞིག་འདུག་གོ།