བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་གསར་ཐོན་ཁག་ཅིག་ངོ་སྤྲོད།

ཆོས་འབྱུང་མཁས་པའི་དགའ་སྟོན་ནམ་ལྷོ་བྲག་ཆོས་འབྱུང་ཞེས་སྟོད་སྨད་གཉིས་ལས་གྲུབ་པའི་དཔེ་དེབ་འདི་ནི། དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས་(༡༥༠༤-༡༥༡༣)བརྩམས་གནང་ཞིང་། བརྗོད་བྱ་ནི་བོད་གངས་ཅན་ལྗོངས་སུ་ཆོས་དང་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ་ཞིག་ཡིན་པ་དང་། འདིའི་མ་ཕྱི་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་ལྷོ་བྲག་གནས་ཀྱི་གཞིས་ཁར་པར་དུ་བསྒྲུབས་པ་དེ་ཉིད་ཡིན་འདུག དཔེ་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་སློབ་མ་གསར་པ་ཚོར་བདེ་བླག་ཏུ་འཐོབ་ཆེད་དུ་ལོ་རྒྱུས་དེབ་ཕྲེང་༧༩ དང་༨༠ པ་ཞེས་དཔར་དུ་བསྐྲུན་གནང་འདུག

སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་རྣམ་ཐར་ཞེས་པའི་དཔེ་དེབ་འདི་ནི། དགེ་བཤེས་ལྷ་རམས་པ་གཙང་ཁ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སེར་བྱེས་མཁན་རབས་དོན་དྲུག་པ་༧སྐྱབས་རྗེ་མཁན་ཟུར་རྗེ་བཙུན་དགེ་འདུན་ཆོས་འཕེལ་མཆོག་གི་བཀའ་མངགས་ལྟར་བརྩམས་གནང་བ་ཞིག་ཡིན་འདུག་ཅིང་། བརྗོད་བྱ་གཙོ་བོ་ནི་སེར་བྱེས་མཁན་རབས་རིམ་བྱོན་གྱི་རྣམ་ཐར་རེད་འདུག དཔེ་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་གིས་རྣམ་ཐར་དེབ་ཕྲེང་༣༧ པ་ཞེས་དཔར་དུ་བསྐྲུན་གནང་འདུག

རྨད་བྱུང་༧རྒྱལ་བའི་ཐུགས་བསྐྱེད་ཅེས་པའི་དཔེ་དེབ་འདི་ནི། རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ཀྱིས་བརྩམས་གནང་ཞིང་། བརྗོད་བྱ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྨད་བྱུང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་རེད་འདུག་པ་དང་། དཔེ་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ཀུན་ཕན་དེབ་ཕྲེང་༡༣ པ་ཞེས་དཔར་དུ་བསྐྲུན་གནང་འདུག

ཟུར་ཁང་བཀའ་བློན་གྱི་རྟོགས་བརྗོད་ཅེས་པའི་དཔེ་དེབ་འདི་ནི། བཀའ་བློན་ཟུར་པ་ཟུར་ཁང་སྲི་གཅོད་ཚེ་བརྟན་ལགས་ཀྱིས་བརྩམས་གནང་ཞིང་། བརྗོད་བྱ་ནི་ཁོང་གི་རང་རྣམ་ཞིག་དང་བཅད་ལྷུག་སྤེལ་གསུམ་ལས་གྲུབ་པའི་ཉམས་མགུར་དང་ཆོས་སྲིད་ཀྱི་བསླབ་བྱ། དྲིས་ལན་དང་ཆབ་ཤོག་སོགས་ཀྱིས་ཟུར་བརྒྱན་པ་ཞིག་རེད་འདུག དཔེ་དེབ་འདིའི་མ་དཔེ་བོད་ཨ་མདོ་ཁྲི་ཀའི་ཡུལ་གྱི་སྔགས་པའི་ཁྱིམ་ཚང་ཞིག་ནས་གསར་དུ་རྙེད་ཅིང་། ཟུར་ཁང་ཁྱིམ་རྒྱུད་ཀྱི་རྗེས་རབས་པ་རྣམས་ཀྱིས་བཀའ་བློན་ཟུར་པ་ཟུར་ཁང་དབང་ཆེན་དགེ་ལེགས་ལགས་ཀྱིས་ཆོས་སྲིད་གཉིས་ལྡན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་གྱི་འགན་འཁུར་ཞུ་འགོ་ཚུགས་ནས་ད་བར་མི་ལོ་ཧྲིལ་པོ་༨༠ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་དཔར་དུ་བསྐྲུན་པ་ཞིག་ཡིན་པར་བརྗོད་འདུག དཔེ་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༨༡ པ་ཞེས་དཔར་དུ་བསྐྲུན་འདུག

གཏམ་ཚོགས་དུས་དེབ་ནི། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་འཛུགས་སྐྲུན། གོམས་གཤིས་སོགས་བོད་དང་བོད་རིགས་སུ་གཏོགས་པའི་མང་ཚོགས་ནང་གོ་རྟོགས་ཁྱབ་སྤེལ་ཆེད་དཔར་དུ་བསྐྲུན་གནང་བ་ཞིག་ཡིན་པ་དང་། བརྗོད་བྱ་ནི་དཔྱད་གཏམ་སྣ་ཚོགས་ལས་གྲུབ་པ་ཞིག་རེད་འདུག
