བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་གསར་ཐོན་ཁག་ཅིག་ངོ་སྤྲོད།
༡༽ ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གསན་ཡིག་ཡིད་བཞིན་ནོར་བུའི་བང་མཛོད། ཅེས་པའི་དཔེ་དེབ་འདི་ནི། དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས་བརྩམས་ཤིང་། དཔེ་དེབ་དེ་ནི་༧སྐུའི་གོ་སྟོན་དང་བསྟུན། ༧གོང་ས་མཆོག་གི་གསན་བསམ་གཅིག་པུའི་སྐོར་དོན་བསྡུས་ཀྱི་རང་བཞིན་ལྡན་པ་དང་། ཚིགས་བཅད་ཀྱི་རྣམ་པར་བྲིས་པ་ཞིག་ཡིན་འདུག

༢༽ འཆར་ཡན་གྱི་དྲྭ་བ་ཞེས་པའི་དཔེ་ཆ་འདི་ནས་གསེས་ས་བཅད་ཆེན་པོ་བཅོ་ལྔའི་བདག་ཉིད་ཅན། རྩོམ་པ་པོས་སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་ཁྲོད་སྙན་ངག་གི་དཔེར་བརྗོད་ནས་འགོ་བརྩམས་ཏེ་སློབ་མཐར་ཕྱིན་པའི་སྐབས་དག་ཏུ་ལོ་དང་ཟླ་བ་སྦྲེལ་ནས་དཀའ་བ་ཁྱད་བསད་དང་། ངལ་བ་དང་བླངས་ཀྱིས་གོ་སླ་བའི་ཚིག་གིས་བརྒྱན་ཏེ་བྲིས་པ་དག་ལས་ཧྲག་བསྡུས་གནང་བའི་ཚིགས་བཅད་སྙན་དེབ་ཅིག་ཡིན་འདུག
༣༽ སྙན་རྒྱན་ཀ་ཁའི་དཔལ་ཡོན་ཞེས་པའི་དཔེ་དེབ་འདི་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་བོད་ཀྱི་སྐད་ཡིག་ཆེད་སྦྱོང་འཛིན་གྲྭ་ལོ་རིམ་གསུམ་པའི་སྙན་ངག་གི་སློབ་ཚན་ལྟར་དུ་བྲིས་པ་ཞིག་ཆགས་ཡོད་འདུག
༤༽ བློ་སྦྱོང་འགྲེལ་བ་བཞི་སྦྲགས། བློ་སྦྱོང་དོན་མདུན་མའི་འགྲེལ་བ་ཞེས་པའི་དཔེ་དེབ་འདི་ནི་ཨོ་གླིང་དུ་བཅའ་སྡོད་ཚ་རུ་མ་ཐབས་མཁས་ལགས་ཀྱིས་སྒྲིག་རྩོམ་བགྱིས་པའི་ལེའུ་བཅུའི་བདག་ཉིད་ཅན་ཞིག་སྟེ། ལེའུ་དྲུག་པ་ཡན་ཆད་ནི། བློ་སྦྱོང་དོན་བདུན་མ་རྩ་བར་བྱས་ཏེ། དེར་རྩོད་མེད་ཡོངས་གྲགས་ཀྱི་མཁས་གྲབ་ཆེན་པོ། སེ་སྤྱིལ་བུ་ཆོས་ཀྱི་རྒྱལ་མཚན་དང་། ས་བཟང་མ་ཏི་པཎ་ཆེན། རྒྱལ་སྲང་ཐོགས་མེད་བཟང་པོ། ཧོར་སྟོན་ནམ་མཁའ་དཔལ། རྗེ་བཙུན་ཏཱ་ར་ནཱ་ཐ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་པ་འགྲེལ་བཤད་ཁག་མི་འདྲ་བ་ཅུ་གྲངས་ཤིག་ནས། རྩ་ཚིག་མང་ཆེ་བར་འགྲེལ་པ་བཞི་ལས་མ་ཉུང་བ་བཀོད་དེ་འགྲེལ་པ་བཞི་སྦྲགས་ཀྱི་ཚུལ་དུ་འཇུག་བདེར་བཟོས་པ་ཞིག་དང་། ཁྲིད་ཡིག་འདྲ་མིན་དང་འཆད་ཁྲིད་སྣ་ཚོགས་པར་ཞིབ་འཇུག་གིས་དག་བཅོས་ཞིབ་ཚགས་བགྱིས་པ་ཞིག་ཡིན་འདུག ལེའུ་བདུན་པ་ནས་ལེའུ་བཅུ་པའི་བར་ནི་ཟུར་བཀོད་ཀྱི་གཞུང་སྟེ། བློ་སྦྱོང་དོན་བདུན་མའི་ཉེར་མཁོའི་ཆོས་ཚན་ཁག་དང་། སྨོན་འཇུག་གི་སེམས་བསྐྱེད་གཟུང་བའི་འདོན་ཚིག་ཁག།། བློ་སྦྱོང་གི་བརྒྱུད་འདེབས་ཁག།། ཞལ་གདམས་ཁག།། བློ་སྦྱོང་གི་སྨོན་ལམ་ཁག།།དེ་བཞིན་དགེ་བཤེས་འཆད་ཁ་བའི་རྣམ་ཐར་ཕྱོགས་བཏུས་སོགས་བསྒྲིགས་པ་ཞིག་ཡིན་འདུག