བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅུ་བདུན།

༡༽ སྟོན་པའི་རྣམ་ཐར།
མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་དང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་ཅུང་རྒྱས་པ་ཞིག་སྟེ། མཛད་པ་སོ་སོའི་རིམ་པ་རྣམས་གོ་བདེ་ཞིང་བློ་ལ་ངེས་སླ་བ་ཞིག་དང་། མཛད་རྣམ་མང་ཆེ་བ་འདུལ་བའི་གླེང་གཞི་ཆེན་མོ་སོགས་ནས་བཏུས་ཏེ་གོ་བདེར་བྲིས་པ་ཞིག་ཡིན་འདུག
༢༽ བཀྲས་མཐོང་བའི་མི་རྒྱུད།
ཁོང་གི་གསུང་འབུམ་དེབ་ཕྲེང་གཉིས་པ་བཀྲས་མཐོང་བའི་མི་རྒྱུད་ཅེས་པའི་ནང་། གཞིས་རྩེ་མཁའ་རག་བཀྲས་མཐོང་བའི་མི་རྒྱུད་དང་ཕ་མ་བུ་ཕྲུག་གི་སྐོར་དང་། བོད་མི་ཞིག་གི་མི་ཚེའི་ཀྱག་ཀྱོག་གི་ལམ་བུ་དང་བོད་པའི་ཁྱིམ་ཚང་ཞིག་གི་དར་རྒུད། དེ་བཞིན་མི་རིགས་འདིའི་ཁྲོད་བྱུང་བའི་རྐྱེན་ངན་བར་ཆད་སོགས་དང་། བོད་མིའི་དབུ་ཁྲིད་དང་བོད་མི་སྤྱི་སྒེར་ཚང་མས་འབད་བརྩོན་ཞུས་པའི་འབྲས་བུ་བཅས་འཁོད་ཡོད་འདུག
༣༽ གསེར་ཀོང་རྡོ་རྗེ་འཆང་སོགས་ཀྱི་རྣམ་ཐར།
གསུང་འབུམ་དེབ་ཕྲེང་གསུམ་པ་གསེར་ཀོང་རྡོ་རྗེ་འཆང་སོགས་ཀྱི་རྣམ་ཐར་ཞེས་པའི་ནང་། ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གསེར་ཀོང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཐོག་མར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གནང་ནས་བདག་པས་གཞན་གཅེས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཉམས་བཞེས་གནང་ཚུལ་དང་། ཟབ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་ཏེ་ཉམས་རྟོགས་འཁྲུངས་ཚུལ།བྱེ་བྲག་ཏུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་སྤྱི་དང་དེའི་ཡང་སྙིང་གསང་ཆེན་སྙན་བརྒྱུད་ཀྱི་མན་ངག་ལ་དབང་འབྱོར་བ་ལས་གདུལ་བྱ་བསྐྱངས་ཚུལ་སོགས་འཁོད་ཡོད། དེ་བཞིན་དུ་ངེས་པ་དོན་གྱི་བསྟན་པའི་གསལ་བྱེད་ཆེན་པོ་འབྲས་སྤུངས་ཁྲི་ཟུར་བསྟན་པ་བསྟན་འཛིན་མཆོག་གི་རྣམ་ཐར་དང་། དཔའ་ཤོད་ཡུལ་དགོན་གྱི་ལོ་རྒྱུས་མདོར་བསྡུས་བཅས་རྣམ་ཐར་ལོ་རྒྱུས་ཁག་གཅིག་ཀྱང་འཁོད་ཡོད་འདུག
༤༽ དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས།
གསུང་འབུམ་དེབ་ཕྲེང་བཞི་པ་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཞེས་པའི་ནང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དྲུང་ནས་དཔེ་ཁྲིད་ཞུ་སྐབས་ཀྱི་དངོས་མཐོང་ལོ་རྒྱུས་དང་། ཞལ་འདྲིས་ཆེ་བའི་གང་ཉིད་ཀྱི་གཅེན་པོའི་ཞལ་ནས་ཐོས་པ། དེ་བཞིན་ཁུངས་ལྡན་གཞན་ནས་གསན་པ་སོགས་བྲིས་པ་སྟེ། གཙོ་བོ་དགེ་འདུན་ཆོས་འཕེལ་གྱིས་ཐོག་མར་གདན་ས་ཆེ་ཁག་ཏུ་གཞུང་ཆེན་པོར་སློབ་གཉེར་ཇི་ལྟར་གནང་བ་དང་། རིག་པའི་གནས་སྤྱི་དང་སྒོས་སུ་ལེགས་སྦྱར་གྱི་སྒྲ་སྦྱོར་དང་སྙན་ངག་འབྲི་རྩོམ་སོགས་ལ་མཁྱེན་རྒྱ་ཆེ་བའི་སྐོར། གཞན་ཡང་རྒྱ་གར་འཕགས་པའི་ཡུལ་དུ་ཐེངས་གཉིས་ལ་ཕེས་ཏེ་མཐར་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ཚུར་ཕེབས་ནས་བོད་མི་རིགས་ཀྱི་ལ་རྒྱར་སྨན་པའི་ཞབས་འདེགས་ཅི་ཞུས་སོགས་ཞིབ་པར་བྲིས་ཡོད་འདུག
༥༽ རཱ་མཱ་ཡ་ཎའི་རྟོགས་བརྗོད།
གསུང་འབུམ་དེབ་ཕྲེང་ལྔ་པ་རཱ་མཱ་ཡ་ཎའི་རྟོགས་བརྗོད་ཅེས་པ་འདི་ནི་རཱ་མཱ་ཡ་ཎའི་གཏམ་རྒྱུད་ཀྱི་མ་ཕྱི་གསར་རྙིང་ཁག་ཁ་ཤས་དང་། རྒྱ་བོད་ཀྱི་དཔེ་རྙིང་འགར་གཏུགས་ཏེ་དཔེ་བསྡུར་གྱིས་ཁ་ཇེ་གསལ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གོ་བདེར་བྲིས་པ་ཞིག་ཡིན་འདུག
༦༽ རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་།
གསུང་འབུམ་དེབ་ཕྲེང་དྲུག་པ་རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་ཞེས་པའི་ནང་། མང་སྲོང་གི་སྐབས་དེབ་དཀར་དུ་གང་འཁོད་པ་དེའི་ལྷག་མ་གསར་དུ་རྙེད་པ་རྣམས་ཁ་སྣོན་བྱས་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཞང་ཞུང་དབང་དུ་བསྡུས་པ་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་དབང་བསྐྱངས་པའི་བར་འཁོད། གནམ་རི་སྲོང་བཙན་དང་། སྲོང་བཙན་སྒམ་པོ། འདུས་སྲོང་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ། ཁྲི་སྲོང་ལྡེའུ་བཙན་བཅས་ཀྱི་མཛད་པ་ཤོག་དྲིལ་དུ་གསལ་བ་རྣམས་དང་།ཆོས་རྒྱལ་ཁྲི་སྲོང་གིས་སྩལ་བའི་ཆོས་ཀྱི་བཀའ་གཙིགས་དང་། བློན་པོ་རྣམས་ནས་མནའ་བོར་བའི་ཡིག་རྙིང་དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བཀོད་པ། སྒྲ་སྦྱོར་བམ་གཉིས་སུ་གསལ་བའི་ལོ་པཎ་རྣམས་ནས་ཆོས་བསྒྱུར་ཚུལ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནས་བཀས་བཅད་མཛད་པའི་ཡིག་རྙིང་རྣམས་བོད་སྤྱི་ལ་ཁྱབ་པའི་བརྡ་གསར་པའི་ཐོག་ཏུ་བཀྲལ་པ་ཞིག་ཡིན་འདུག
༧༽ ལོ་རྒྱུས་ཕྱོགས་བཏུས།སྟོད་ཆ།
གསུང་འབུམ་དེབ་ཕྲེང་བདུན་པ་ལོ་རྒྱུས་ཕྱོགས་བཏུས་ཞེས་པ་འདི་ནི་བོད་ཀྱི་རྒྱལ་ཐོག་རིམ་བྱོན་གྱི་ལོ་རྒྱུས་སྙིང་བསྡུས་བརྗོད་དོན་གྱི་གཙོ་བོར་བཟུང་བའི་བརྩམས་ཆོས་ཤིག་ཡིན་འདུག བོད་ཀྱི་ལོ་རྒྱུས་ཕྱོགས་བཏུས་འདི་ནི་རང་མི་རིགས་ཀྱི་ལོ་རྒྱུས་བརྗོད་གཞིའི་གཙོ་བོར་བཟུང་ཐོག་བརྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་བརྗོད་བྱ་སྟོན་ཚུལ་ཡང་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག
༨༽ལོ་རྒྱུས་ཕྱོགས་བསྟུས།སྨད་ཆ།
གསུང་འབུམ་དེབ་ཕྲེང་བརྒྱད་པ་ལོ་རྒྱུས་ཕྱོགས་བསྟུས་ཞེས་པའི་ནང་། ཕྱི་ལོ་༣༩༩ ཙམ་ལ་རྒྱ་ནག་གོང་མ་ཧྭོང་ཧྲི་ཁྲི་ལོ་གཉིས་པའི་སྐབས། རྒྱ་ཡི་བཙུན་པ་ཧྥ་ཤཱན་འཕགས་ཡུལ་དུ་འདུལ་བསྟན་འཚོལ་བར་བསྐྱོད་སྐབས་ཀྱི་སངས་རྒྱས་ཀྱི་བསྟན་པ་དར་གནས་བྱུང་བའི་རྒྱལ་ཁབ་དང་རྒྱལ་ཕྲན་དག་གི་རྒྱལ་རབས་ལོ་རྒྱུས་དང་། གཞན་ཡང་དགའ་ལྡན་ཕོ་བྲང་བ་ཆེན་པོའི་བྱུང་བ་། ཆོས་རྒྱལ་མྱ་ངན་མེད་ཀྱི་མཛད་པ་མདོར་བསྡུས། རང་རེ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྔར་ནས་ད་བར་ཕོ་མོའི་དབང་ཆའི་ཐད་གོམས་སྲོལ་ཅི་འདྲ་ཡོད་མེད་སོགས་ཀྱི་སྐོར་ནང་དོན་གནད་བསྡུས་ཀྱི་ཚུལ་དུ་བརྩམས་པ་ཞིག་ཡིན་འདུག
༩༽ ཆབ་ཤོག་གཅེས་བཏུས།
གསུང་འབུམ་དེབ་ཕྲེང་དགུ་པ་ཆབ་ཤོག་གཅེས་བཏུས་ཞེས་པའི་ནང་། གཏོང་ཡིག་སྣ་ཚོགས་ཡོད་པ་དག་ནི་གཙོ་བོ་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་མང་པོར་ཕུལ་བ་དང་། གཞན་ཡང་རང་གཞུང་ལས་ཀྱི་སྣེ་མོ་བས་མཚོན་ལས་བྱེད་དུ་མར་ཕུལ་བ། རིན་པོ་ཆེ་རང་གི་གཉེན་ཉེ་ལ་ཕུལ་བ་སོགས་གཏོང་ཡིག་སྣ་མང་གིས་གྲུབ་ཡོད་འདུག
༡༠༽ གནས་བརྒྱད་ཀྱི་འགྲེལ་པ་དང་ནག་མོ་ཁོལ་གྱི་ལོ་རྒྱུས་སོགས།
གསུང་འབུམ་དེབ་ཕྲེང་བཅུ་པ་གནས་བརྒྱད་ཀྱི་འགྲེལ་པ་དང་ནག་མོ་ཁོལ་གྱི་ལོ་རྒྱུས་སོགས་ཞེས་པ་འདིས་བརྡ་སྤྲོད་པའི་གནས་བརྒྱད་ཀྱི་ཐད་བརྗོད་བྱ་གཙོ་བོར་བྱས་ཤིང་། དཔེར་བརྗོད་སོགས་ཀྱི་ལམ་ནས་གསལ་ཙམ་བྱས་ཡོད་པ་ལྟ་བུར་སྣང་། གཞན་ཡང་འདིར་ནག་མོ་ཁོལ་གྱི་ལོ་རྒྱུས་དང་། ཆོས་རྗེ་ས་པཎ། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱི་མཛད་རྗེས་སྙིང་བསྡུས་ཤིག་གསལ་བར་བཀོད་ཡོད་འདུག
༡༡༽སྙན་རྩོམ་ཕྱོགས་བཏུས།
གསུང་འབུམ་དེབ་ཕྲེང་བཅུ་པ་སྙན་རྩོམ་ཕྱོགས་བཏུས་འདི་ནི་གཙོ་བོ་ཚིགས་བཅད་སྙན་ངག་གི་སྐོར་ཡིན་ཞིང་། སྙན་རྩོམ་ཁག་ནི་བརྗོད་དོན་གྱི་ཆ་ནས་རང་མི་རིགས་ཀྱི་རིག་གཞུང་སྲོག་ཤིང་དུ་བཟུང་ཞིང་། རྗོད་བྱེད་ལ་ནི་གནའ་བོའི་སྙན་ངག་ཕུན་སུམ་ཚོགས་པ་དག་གི་འབྲི་ཐབས་ཀྱི་ཉམས་ཐོན་ཡོད་པ་སོགས་དམིགས་བསལ་གྱི་ཁྱད་ཆོས་མང་པོ་འཛོམས་པ་ཞིག་ཡིན་འདུག
༡༢༽སྙན་རྩོམ་ཕྱོགས་བཏུས།
གསུང་འབུམ་དེབ་ཕྲེང་བཅུ་གཉིས་པའི་ནང་། ༧གོང་ས་མཆོག་དགུང་གྲངས་དྲུག་ཅུ་རེ་གཅིག་ལ་ཕེབས་པའི་ལོ་གསར་སྐབས་ཕུལ་བའི་སྙན་ཚིག་བཀྲ་ཤིས་རྫས་བརྒྱད་ལ་སྦྱར་བ་དེ་ཉིད་ཀྱིས་གཙོས་༧གོང་ས་མཆོག་ལ་ཕུལ་བའི་བསྟོད་ཚིག་སྙན་ཚོགས་དང་། འཆི་མེད་བདུད་རྩིའི་མཚོ་བྱུང་དབྱངས་ཀྱི་རོལ་པ། ཧི་མ་ལ་ཡ་ཞེས་པའི་བྱ་བའི་བསྟན་བཅོས་སོགས་ཕུན་སུམ་ཚོགས་པའི་སྙན་ཚིག་སྣ་ཚོགས་པས་གཏམས་ཤིང་། ༧གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་གང་སར་ཁྱབ་པའི་སྐོར་ནས། གོང་ས་མཆོག་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཉི་མའི་འོད་སྣང་ལྟར་མཛད་འཕྲིན་ཕྱོགས་མཐར་ཁྱབ་སྟེ། སྐྱེ་འགྲོ་མང་པོས་ཁོང་ལ་རེ་བའི་མིག་ཟུང་གཏོད་བཞིན་ཡོད་པའི་སྐོར་གྱི་སྙན་ཚིག་སྣ་ཚོགས་པས་གཏམས་ཡོད་འདུག
༡༣༽ རྟོགས་བརྗོད་ཕྱོགས་བཏུས།
གསུང་འབུམ་དེབ་ཕྲེང་བཅུ་གསུམ་པ་རྟོགས་བརྗོད་ཕྱོགས་བཏུས་ཞེས་པ་འདི་ནི་རྩ་བའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་། སྐྱེས་རབས་སོགས་གཞིར་བཞག་ཐོག་དེ་དག་གི་ཡལ་འདབ་ཀྱི་ཚིག་འགྲེལ་དང་མཆན་འགྲེལ། དོགས་སློང་། ཟློས་གར་བཅས་མཉམ་འདུས་རང་བཞིན་ཅན་གྱི་དཔེ་དེབ་ཅིག་ཡིན་འདུག
༡༤༽ སྒྲུང་གཏམ་ཕྱོགས་བཏུས།
གསུང་འབུམ་དེབ་ཕྲེང་བཅུ་བཞི་པ་སྒྲུང་གཏམ་ཕྱོགས་བཏུས་འདི་ནི་བྱིས་སྒྲུང་གི་རྣམ་པར་བྲིས་པ་གཙོ་ཆེ་བ་ཞིག་སྟེ། སྒྲུང་གི་ནང་དོན་གྱི་ཆ་ནས་ཀྱང་ཕལ་ཆེ་བ་རོ་སྒྲུང་གི་འགྲོས་ལྟར་བྲིས་པ་ཞིག་དང་། འདིར་འཁོད་རོ་སྒྲུང་དང་མ་འབྲེལ་བའི་སྒྲུང་གཏམ་རྣམས་ཀྱང་ཆོས་ཕྱོགས་ཀྱི་བརྗོད་དོན་རྒྱུག་ཆེ་བ་ཁག་དང་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་སྦྱར་ནས་ཀྱང་བྲིས་གནང་བ་ཞིག་ཡིན་འདུག
༡༥༽ དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ།
གསུང་འབུམ་དེབ་ཕྲེང་བཅོ་ལྔ་པ་འདི་ནི། ལྷ་བླ་མ་ཡེ་ཤེས་འོད་དང་། ཇོ་བོ་ཡབ་སྲས། དགེ་བཤེས་པོ་ཏོ་བ་ཆེན་པོ་བཅས་ཀྱི་སྐོར་དང་། དེ་བཞིན་དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་རྙིང་གསལ་བཀྲོལ་དང་། པོ་ཏོ་བ་རང་ཉིད་ཀྱིས་མཛད་པའི་དཔེ་ཆོས་རྩ་བ། ལུངས་སྟོན་པ་ལ་འཇུག་པའི་སྒོ་བཅས་ཆོས་ཚན་མི་འདྲ་འགས་གྲུབ་པའི་གླེགས་བམ་ཆེན་པོ་ཞིག་ཡིན་འདུག
༡༦༽ ཤོང་དཔང་ཞལ་ལུང་མེ་ལོང་རྣམ་བཤད།
གསུང་འབུམ་དེབ་ཕྲེང་བཅུ་དྲུག་པ་འདི་ནི་སློབ་དཔོན་དབྱུག་པ་ཅན་གྱི་མེད་ལོང་མའི་ལེའུ་དང་གཉིས་ཀྱི་གསར་འགྲེལ་ཤོང་དཔང་ཞལ་ལུང་མེ་ལོང་རྣམ་བཤད་ཅེས་རིན་པོ་ཆེ་མཆོག་ནས་ཤོང་དཔང་ཚད་དུ་བཟུང་སྟེ་བརྩམས་པ་ཞིག་ཡིན་འདུག
༡༧༽ སྐད་ཡིག་སྐོར་གྱི་བསམ་ཚུལ།
གསུང་འབུམ་དེབ་ཕྲེང་བཅུ་བདུན་པ་འདིར་སྐད་ཡིག་གསར་གཏོད་དང་དེའི་ཁུངས་ལུང། སྐད་ཡིག་སྐོར་གྱི་བསམ་འཆར། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་འབྲིང་ཆུང་གསུམ་སླར་གསོའི་སྐོར། གཞན་ཡང་གསུང་མགུར་དང་རོལ་དབྱངས། བོད་པའི་སྲོལ་རྒྱུན་བཟའ་བཏུང་། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་དང་ལོ་གསར་སོགས་མདོར་ན་བོད་ཀྱི་རིག་གཞུང་དང་རིག་གནས་སྣ་ཚོགས་པའི་སྐོར་ལ་དོགས་དཔྱོད་དང་བསམ་ཚུལ་འདྲེས་པའི་རྩམས་ཆོས་སྣ་ཚོགས་པས་གྲུབ་པ་ཞིག་ཡིན་འདུག
