བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པ་དབུ་འཛུགས་གནང་སོང་།


ཕྱི་ཟླ་༨ ཚེས་༢༢ ཀྱི་སྔ་དྲོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དུས་ཡུན་ཉིན་གསུམ་རིང་འཚོག་རྒྱུའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པའི་མཛད་སྒོ་དེ་ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་གནང་སོང་།
ཐེངས་འདིའི་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་བཅས་དབུ་བཞུགས་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་ན་གཞོན་ཉམས་ཞིབ་པ་རྣམས་དང་ཟུར་ཉན་པ། དེ་བཞིན་གསར་འགོད་པ་བཅས་ཕེབས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཞི་དྲག་གི་ཐབས་ལམ་སྣ་ཚོགས་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་གི་ཡོད་པ་དང་། བོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་ཡོད་པས་བོད་རིགས་ན་གཞོན་ཉམས་ཞིབ་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་དང་ཉམས་ཞིབ་ལ་གྲུབ་འབྲས་ཐོན་པ་བྱ་རྒྱུ་གལ་ཆེ་ཚུལ་སོགས་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཐུགས་སྣང་གནང་མཁན་ནུབ་ཕྱོགས་དང་རྒྱ་གར་བ་རྣམས་དང་ལྷན་དུ་བགྲོ་གླེང་གིས་གོ་རྟོགས་སྤེལ་རེས་ཙམ་མིན་པར་ངེས་ཤེས་རྙེད་པ་ཞིག་བཟོ་ཐུབ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་ལས་བོད་མི་རིགས་ཀྱི་འཚོ་གནས་དང་རིག་གཞུང་། ཁོར་ཡུག་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པའི་སྐོར་སོགས་གསུངས་སོང་།

གཞན་ཡང་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། བོད་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་གི་མཇུག་འབྲས་ཇི་བྱུང་སྐོར་ཐུགས་སྣང་གིས་ཉམས་ཞིབ་ཚད་ལྡན་གནང་སྟེ། བོད་མི་རིགས་ཀྱི་ངོ་བོ་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་ཆེ་བའི་སྐོར་དང་། དེ་བཞིན་མ་འོངས་པར་བོད་ཡིག་ཐོག་བྲིས་པའི་དཔྱད་རྩོམ་རྣམས་སྐད་ཡིག་གཞན་དུ་བསྒྱུར་ཏེ་ཁྱབ་སྤེལ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པར་གསུངས་པ་མ་ཟད། བོད་ཀྱི་ཆོས་རིག་ཉམས་ན་རང་བཞིན་གྱིས་ཧི་མ་ལ་ཡའི་མི་རིགས་ལའང་གྱོང་གུན་ཐེབས་ཀྱི་ཡོད་པར་བརྟེན། བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་གནང་ཐོག་བོད་ཀྱི་དངོས་བདེན་ལོ་རྒྱུས་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་མང་འཇོག་ཐུབ་པར་ནུས་པ་མཉམ་སྤུངས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་པ་སོགས་གསུངས་གནང་བ་དང་། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་ཆབ་སྲིད་གནས་སྟངས། དེ་བཞིན་ད་ལྟའི་ཆར་རྒྱ་གཞུང་གི་བོད་ཐོག་འཁྱོག་བཤད་སྲིད་བྱུས་ལ་དོན་དངོས་ར་སྤྲོད་བྱ་རྒྱུ་དེ་ནི་ཚོགས་འདུ་འདི་ཉིད་ཀྱི་གནད་འགག་དང་དམིགས་ཡུལ་ཡིན་པར་གསུངས་པ་མ་ཟད། མ་འོངས་པར་བོད་རིགས་ན་གཞོན་ཉམས་ཞིབ་པ་རྣམས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པར་དོན་དངོས་ར་སྤྲོད་ཀྱིས་ཁ་གཏད་གཅོག་དགོས་ཚུལ་དང་། བོད་ཀྱི་ལོ་རྒྱུས་ཕྱི་ལ་གོ་རྟོགས་དང་ངེས་ཤེས་རྙེད་པ་བཟོ་རྒྱུའི་རེ་སྐུལ་བཅས་གནང་སོང་། ད་ཐེངས་ཉིན་གསུམ་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུར་རྒྱ་བལ་གཉིས་ནས་ཞིབ་འཇུག་གི་སློབ་མ་སེར་སྐྱ་སུམ་ཅུ་ལྷག་མཉམ་ཞུགས་གནང་འདུག་ལ། མཛད་རིམ་ལ་བལྟས་ན་ཉིན་གསུམ་རིང་དུ་དཔྱད་རྩོམ་འདྲ་མིན་སུམ་ཅུ་ལྷག་སྒྲོག་སྦྱངས་དང་དེའི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།