བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༣ ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཕྱི་དྲིལ་དྲུང་ཆེ་གཅིག་ལྕོགས་ཀརྨ་ཆོས་དབྱིངས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཉམས་ཞིབ་པ་ཁྱོན་༢༦ མཉམ་ཞུགས་གནང་འདུག


སྐབས་དེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཀརྨ་ཆོས་དབྱིངས་ཀྱིས་བོད་པའི་ཉམས་ཞིབ་པ་ཚོས་སྤྱིར་བཏང་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ཉམས་ཞིབ་གནང་དང་གནང་མུས་ཡིན་མོད། གཙོ་བོ་བོད་ཀྱི་རྩ་དོན་དང་། བོད་རྒྱའི་རྩོད་རྙོག་སེལ་ཐབས། ལྷག་པར་བོད་ནང་རྒྱ་གཞུང་གིས་སྲིད་བྱུས་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་། ངོ་བོ་བཅས་པ་རྩ་མེད་དུ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་དང་། རྒྱ་ནག་སྲིད་གཞུང་གི་འཁྱོག་བཤད་ལ་གདོང་ལེན་གྱིས་ཉམས་ཞིབ་གནང་སྟེ་དཔྱད་རྩོམ་འདོན་སྤེལ་དང་གླེང་སློང་གནང་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། བོད་ཡིག་ཐོག་བྲིས་པའི་དཔྱད་རྩོམ་རྣམས་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་རྒྱ་ཆེ་ཡོང་སླད་སྐད་ཡིག་གཞན་དུ་བསྒྱུར་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་སོགས་ངོ་སྤྲོད་གསུང་བཤད་གནང་སོང་།
དེ་བཞིན་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེས་ཞིབ་འཇུག་བྱེད་སྐབས་བསམ་བློ་དེ་དཀྱིལ་ལ་བཞག་ནས་ཕྱོགས་ལྷུང་གི་ལྟ་བ་མ་འཁྱེར་བར་དངོས་ཡོད་གནས་ཚུལ་གང་ཡིན་པ་ཇི་མ་ཇི་བཞིན་འབྲི་དགོས་པ་དང་། ཉམས་ཞིབ་པས་ཁུངས་ལུང་ལྡན་པ་དང་ཡིད་རྟོན་རུང་བའི་དཔྱད་གཞིའི་ཡིག་ཆ་ཁག་ལ་གཞི་བཅོལ་དང་གཤིབས་བསྡུར་ཙམ་དུ་མ་ཟད། ཉམས་ཞིབ་བྱེད་ས་ཡུལ་དངོས་ལ་འགྲོ་རྒྱུ་དང་། བརྗོད་གཞི་དང་འབྲེལ་ཆགས་ཆེད་ལས་མཁས་པ་དག་ལ་བཅར་འདྲི་བྱས་ཏེ་ཉམས་ཞིབ་ཀྱིས་གྲུབ་དོན་འདོན་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་ཞེས་གསུངས་སོང་།
ཐེངས་འདིའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་ཏུ། བོད་རིག་པའི་ན་གཞོན་འབུམ་རམས་པ་སློབ་ཐོན་ཟིན་པ་༣ དང་། འབུམ་རམས་པའི་སློབ་གཉེར་བ་༡༢ གཙུག་ལག་རབ་འབྱམས་པའི་སློབ་མ་༡༡ བཅས་ཁྱོན་ཉམས་ཞིབ་པ་༢༦ གིས་བོད་ཀྱི་དེང་རབས་ཀྱི་ལོ་རྒྱུས་དང་ཆབ་སྲིད། བརྡ་སྤྲོད། བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས། བོད་ཀྱི་ལོ་རྒྱུས། གནའ་དེང་རྩོམ་རིག་སྐོར། གནའ་རབས་ཆོས་ལུགས་དང་ལོ་རྒྱུས། ཡིག་ཚགས་སྐོར། བོད་ཀྱི་བརྩམས་སྒྲུང་དང་ལེགས་བཤད་བཅས་བརྗོད་གཞི་སྣ་མང་ཐོག་རང་རང་སོ་སོའི་ཞིབ་འཇུག་གྲུབ་དོན་ཁག་སྒྲོགས་སྦྱང་དང་བགྲོ་གླེང་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།