བོད་ཀྱི་ཞུ་གཏུག་མཐུན་ཚོགས་ཀྱིས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་གྲོས་ཚོགས་འཚོག་བཞིན་པ་དང་བསྟུན། ཕྱི་ཟླ་༡༢ ཚེས་༦ ནས་བོད་ཀྱི་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་ནས་གྲོས་ཚོགས་སུ་བོད་དོན་གླེང་སློང་ཡོང་བའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག

ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་ཚོས་རྒྱལ་ས་ལྡི་ལིར་བདུན་ཕྲག་གཅིག་གི་རིང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གང་མང་ལ་མཇལ་འཕྲད་ཞུས་ནས། རྒྱ་གར་གྱི་གྲོས་ཚོགས་སུ་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་བཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གར་གྱི་ས་མཚམས་དེ་ཡང་ཧིན་བོད་བར་གྱི་ས་མཚམས་ཡིན་པ་ལས་རྒྱ་དཀར་ནག་བར་ས་མཚམས་རྩ་བ་ནས་མིན་པའི་སྐོར། ༧གོང་ས་མཆོག་གིས་བོད་ཙམ་མ་ཡིན་པ་རྒྱལ་སྤྱིའི་ཐོག་འཚེ་མེད་ཞི་བའི་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པ་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཐད་དགའ་ལྡན་ཕོ་བྲང་ལས་སུ་གང་གིས་ཐེ་ཇུས་བྱེད་མི་ཆོག་པ། གལ་སྲིད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ཚེ། རྒྱ་གར་གྱིས་དེར་ངོ་རྒོལ་གྱི་རྣམ་པ་ཞིག་འདོན་རྒྱུ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཆེད། གཏན་འཇགས་སློབ་གྲྭ་བཙུགས་ཡོད་པའི་སྐོར། བོད་ཀྱི་ཁོར་ཡུག་དང་ཆུ་དེ་རྒྱ་གར་ལ་གལ་ཆེན་ཆགས་ཀྱི་ཡོད་པ་བཅས་ཀྱི་སྐོར་རྒྱ་གར་གྱི་གྲོས་ཚོགས་སུ་གླེང་སློང་ཡོང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་འདུག
ད་རེས་ཐེངས་གསུམ་པའི་ཞུ་གཏུག་བྱེད་མཁན་རྣམས་ནི། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བསྟན་འཛིན་བློ་བཟང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཆོས་ཉིད་སྒྲོལ་མ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ། བོད་དོན་འབྲེལ་མཐུད་ལས་ཁང་ནས་འབུམ་རམས་པ་བློ་བཟང་དབྱངས་མཚོ་བཅས་ཡིན་འདུག
རྩ་བས་བོད་དོན་ཞུ་གཏུགས་མཐུན་ཚོགས་ནི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་དྲུག་ལས་གྲུབ་པ་ཞིག་ཆགས་ཡོད་འདུག མཐུན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་ཐད་ཐབས་བྱུས་ལྡན་པའི་ཞུ་གཏུགས་ལས་འགུལ་སྤེལ་ཏེ་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གང་མང་འཚོལ་ཐབས་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སོགས་ལ་དམིགས་ཏེ་ཞུ་གཏུགས་ལས་འགུལ་སྤེལ་རྒྱུ་ཡིན་པ་ལྟར། ན་ནིང་རྒྱ་གར་བོད་དོན་ཞུ་གཏུགས་མཐུན་ཚོགས་ཀྱི་ཞུ་གཏུགས་ལས་འགུལ་ཐེངས་གཉིས་པའི་སྐབས། རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་སྲིད་སྐྱོང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་གཙོས་ཁྱོན་གནད་ཡོད་དཔོན་རིགས་༥༠ ལྷག་མཇལ་འཕྲད་ཀྱིས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་སུ་བོད་ཀྱི་གནད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
