བོད་ཀྱི་རྐང་རྩེད་སྤོ་ལོའི་སྒོ་སྲུང་བ་ཞིག་ཧོབ་དེ་གྲོངས་བ།
ཟླ་༡ པོའི་ཚེས་༣༡ ཉིན་བལ་ཡུལ་པོག་ར་བོད་མིའི་གཞིས་སྒར་བཀྲ་ཤིས་དཔལ་འཁྱིལ་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྒོ་སྲུང་བ་དང་། བཙན་བྱོལ་བོད་མིའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྒོ་སྲུང་བ་ཐེངས་མང་བྱེད་མྱོང་མཁན་བསྟན་འཛིན་རྣམ་རྒྱལ་ཧོབ་དེ་གྲོངས་ཡོད་པའི་གནས་ཚུལ་འདུག
དེ་ཡང་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཟླ་༡ པོའི་ཚེས་༣༡ ཉིན་གྱི་ཞོགས་པར་བལ་ཡུལ་གྱི་ཧིམ་ཇ་ས་གནས་ཀྱི་གཡང་དུ་ཁོ་རང་གཅིག་པུར་དྲན་མེད་ངང་རྒྱལ་ཡོད་པ་རྙེད་སོན་བྱུང་ཡོད་པ་དང་། སྨན་ཁང་དུ་བསྐྱལ་རྗེས་གྲོངས་ཡོད་འདུག བལ་ཡུལ་གྱི་བལ་སྐད་ཐོག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་གི་མགོ་ལ་རྨས་སྐྱོན་ཕོག་ཡོད་པས། ཉེན་རྟོག་པས་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་བཀོད་ཡོད་པ་ལས། གྲོངས་རྐྱེན་ཁ་གསལ་མེད་པ་རེད།
ཁོང་བལ་ཡུལ་གྱི་པོག་ར་བཅུ་གཅིག་ཅེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྒོ་སྲུང་བ་ཡིན་པ་དང་། དྲ་ཐོག་ཁག་ཏུ་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོག་ར་བཅུ་གཅིག་གི་རུ་ཁག་གི་རྩེད་མོ་བ་རྣམས་ཀྱིས་མྱ་ངན་གྱི་འཕྲིན་ཡིག་བཀོད་མཁན་མང་དག་ཅིག་འདུག
ཁོང་པོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག་དང་མཉམ་དུ། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་བྱེད་པར་ཐེངས་མང་སླེབས་ཡོད་པ་དང་། ཐེངས་ཁ་ཤས་རྒྱལ་ཁ་ཐོབ་མྱོང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།