བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་འདུག
བོད་ནང་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༧ ཉིན་ལྷ་ས་གྲོང་ཁྱེར་ནང་དུ་མི་བཅོ་བརྒྱད་ལ་ཏོག་དབྱིབས་ནད་དུག་ཕོག་པའི་གནས་ཚུལ་ཐོན་ཡོད་པར་བརྟེན། ལྷ་ས་གྲོང་ཁྱེར་ཡོངས་ལ་སྒོ་རྒྱ་བསྡམས་འགོ་བཙུགས་ཡོད་པ་མ་ཟད། གལ་སྲིད་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་དཀྲོག་གཏམ་རིགས་སྤེལ་ཚེ་ཐག་གཅོད་ངན་པ་བྱེད་རྒྱུ་ཡིན་པའི་སྡིགས་ར་ཡང་བཏང་ཡོད་འདུག
ལྷ་ས་གྲོང་ཁྱེར་ནང་དུ་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་ཟླ་འདིའི་ཚེས་ ༧ ཉིན་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་མི་ཚོགས་ལ་ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱས་པའི་སྐབས། མི་བཅོ་བརྒྱད་ལ་ཏོག་དབྱིབས་ནད་དུག་གསུམ་པ་ (Omicron) འགོས་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། ནད་དུག་ཕོག་པའི་མི་སྣ་དེ་དག་དང་ཉེ་འབྲེལ་དང་བརྒྱུད་འབྲེལ་བྱུང་མཁན་རྣམས་ཟུར་བཀག་བྱེད་བཞིན་ཡོད་པ་དང་། གོང་གསལ་ནད་དུག་ཕོག་པའི་མི་སྣ་ ༡༨ རྣམས་ལོགས་སུ་བཞག་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་བཞིན་ཡོད་འདུག དེ་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་འབྲེལ་ནས་ལྷ་ས་གྲོང་ཁྱེར་ནང་དུ་ཉེན་ཁ་ཆེ་བའི་ས་ཚིག་ ༡ དང་ཉེན་ཁ་འབྲིང་བའི་ས་ཚིག་ ༡༥ བཅས་གཏན་འབེབས་བྱས་ཡོད་འདུག
དེ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བའི་རྗེས་ལྷ་ས་གྲོང་ཁྱེར་ནང་གནས་སྡོད་བྱེད་བཞིན་པའི་མི་མང་རྣམས་ཀྱིས་ཕར་འགྲོ་ཚུར་འོང་གི་འགྲོ་སྐྱོད་ལ་བཀག་སྡོམ་དང་ས་ཁུལ་ཁག་གི་མི་མང་རྒན་གཞོན་ཕོ་མོ་རྣམས་ལ་ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་མུས་ཡིན་འདུག་ལ། གནད་དོན་དེ་དང་འབྲེལ་ནས་ལྷ་ས་གྲོང་ཁྱེར་ནང་དུ་ཆོས་ལུགས་ཀྱི་བྱེད་སྒོ་རིགས་དང་། མི་མང་འདུ་འཛོམས་བྱེད་ཡུལ་གྱི་ས་གནས་ཁག་བཅས་ལ་གནས་སྐབས་རིང་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་སྤྱི་ཚོགས་ནང་དུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་དཀྲོག་གཏམ་རིགས་སྤེལ་མཁན་བྱུང་ཚེ་ཐག་གཅོད་ངན་པ་གཅོད་རྒྱུ་ཡིན་པ་རྒྱ་གཞུང་གིས་སྡིགས་ར་ཡང་གཏོང་བཞིན་ཡོད་འདུག
དེ་ཡང་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ཐོག་མ་དེ་ནི་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ནས་ཡིན་པའི་རང་ལོ་ ༣ ལ་གསོན་པའི་ཕྲུ་གུ་བུ་མོ་ཞིག་ཡིན་པ་དང་། ཕྱི་ཚེས་ ༤ ཉིན་ཁོ་མོའི་མ་དང་རྨོ་རྨོ་ལགས་མཉམ་དུ་གཞིས་རྩེ་ནས་ལྷ་ས་བར་དུ་མེ་འཁོར་འགྲུལ་བཞུད་བྱེད་པའི་སྐབས་ལུས་ལ་ཚ་བ་འབར་ནས་གཟུགས་གཞི་མི་བདེ་བ་བྱུང་ཡོད་པར་བརྟེན། མེ་འཁོར་དེའི་ནང་དུ་འགྲུལ་བཞུད་བྱེད་མཁན་འགྲུལ་བ་ ༧ ལ་ཏོག་ནད་འགོས་ཁྱབ་བྱུང་ཡོད་པ་མ་ཟད། ལྷ་སར་ཡོད་པའི་དེ་དག་གི་ནང་མི་ ༨ ཡང་ལ་ནད་དུག་དེ་འགོས་ཡོད་འདུག དེ་བཞིན་ཏོག་དབྱིབས་ནད་དུག་ཕོག་པའི་བོད་མི་དེ་དག་ཁྲོད་ལོ་ན་ཆེ་ཤོས་རང་ལོ་ ༧༦ དང་ལོ་ན་ཆུང་ཤོས་རང་ལོ་ ༢ དང་ཕྱེད་ཀ་ཡིན་འདུག་ལ། གཞན་ཡང་ཕྱི་ཚེས་ ༩ ཉིན་ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱས་པའི་ཁྲོད་གཞིས་ཁ་རྩེ་ནས་ནད་པ་ ༥ དང་མངའ་རིས་ནས་ ༢ བཅས་ཁྱོན་ནད་པ་ ༧ གསར་དུ་ཐོན་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག །
གསར་འགོད་པ། ཆོས་གྲགས།