བོད་ཀྱི་ས་ཁྲ་ཞེས་པའི་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།
ཟླ་འདིའི་ཚེས་༧ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་ས་ཁྲ་(Mapping Tibet) ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་དམིགས་བསལ་སྐུ་མགྲོན་ཚེ་རིང་དབང་རྒྱལ་ཤར་བ་གཙོས་པའི་བོད་ཀྱི་ས་ཁྲའི་ཟབ་སྦྱོང་གི་ཚོགས་བཅར་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་འདུག
སྐབས་དེར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་གྱིས་དུས་ཐུང་འགྲེམས་སྟོན་ངོ་སྤྲོད་གནང་གསལ་ལྟར་ན། སྤྱིར་བོད་ཀྱི་ས་ཁྲའི་དུས་ཐུང་འགྲེམས་སྟོན་དེ་ནང་གསེས་སྡེ་ཚན་བཞིར་ཕྱེས་ཡོད་པ་དང་། སྡེ་ཚན་དང་པོར་དུས་རབས་བཅུ་བདུན་པའི་སྨད་ནས་དུས་རབས་བཅུ་དགུའི་དུས་མཇུག་བར་གྱི་བོད་ཀྱི་ས་ཁྲ་དང་། སྡེ་ཚན་གཉིས་པར་ཕྱི་ལོ་༡༩༠༤ ནས་ཕྱི་ལོ་ ༡༩༡༨ བར་གྱི་བོད་ཀྱི་ས་ཁྲ། སྡེ་ཚན་གསུམ་པར་ཕྱི་ལོ་ ༡༩༥༠ ང་གྲངས་རྗེས་ཀྱི་བོད་ཀྱི་ས་ཁྲ། སྡེ་ཚན་བཞི་པར་བོད་ཀྱི་རྒྱལ་ས་ལྷ་སའི་ས་ཁྲ་བཅས་ཡིན་འདུག
སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་བོད་ཀྱི་ས་ཁྲའི་དུས་ཐུང་འགྲེམས་སྟོན་འདི་ས་ཁྲ་རིག་པའི་རྣམ་གཞག་དང་མཐུན་པའི་བརྗོད་གཞི་བདམས་ཏེ་འགྲེམས་སྟོན་གནང་བ་ཞིག་ཡིན་སྐོར་དང་། སྔ་མོའི་དུས་སུ་ཡིན་ན་ཚོང་དང་དམག་དོན་ཆེད་ས་ཁྲ་འབྲི་བཞིན་ཡོད་ན་ཡང་། ཕྱིས་སུ་ཆབ་སྲིད་དང་། མི་འབོར། ས་ཁྱོན་དབང་འཛིན་བྱ་རྒྱུའི་དགོས་མཁོའི་དོན་དུ་ས་ཁྲ་འབྲི་འགོ་བཙུགས་ཡོད་པ་དང་། ལྷག་པར་དུ་འཛམ་བུ་གླིང་སྤྱི་དང་། བྱེ་བྲག་རྒྱལ་ཁབ་སོ་སོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། ད་ལྟའི་གནས་བབ། མ་འོངས་པའི་ཁ་ཕྱོགས་གང་དུ་འགྱུར་མིན་ཐོག་ས་ཁྲའི་རིག་པའི་ཐོག་ནས་གོ་རྟོགས་སྤེལ་ན་ནུས་པ་ཆེན་པོ་ཐོན་ངེས་ཡིན་པ་མ་ཟད། གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཚོས་ས་ཁྲ་རིག་པའི་ཡོན་ཏན་དེ་ལེན་ཐུབ་པ་ཡིན་ན། འཕྲུལ་རིག་གི་དུས་རབས་འདིར་དགེ་མཚན་ཆེན་པོ་ཡོད་པའི་སྐོར་གསུང་བཤད་གནང་སོང་།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་བྱས་པའི་ས་ཁྲ་ཁག་གི་གནས་ཚུལ་ལ་ལྟར་ན། དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ནང་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་པར་སྐྲུན་བྱས་པའི་བོད་ཀྱི་ས་ཁྲ་མང་ཆེ་བ་ཡེ་ཤུའི་ཆོས་སྤེལ་མཁན་ནམ། ཡང་ན་ཡུལ་སྐོར་འགྲུལ་བཞུད་བྱེད་མཁན་ཚོའི་ལག་ནས་ཐོབ་པའི་གནས་ཚུལ་ལ་གཞི་བཞག་ནས་བྲིས་པ་ཁོ་ན་ཆགས་ཡོད་འདུག་ལ། དུས་རབས་བཅོ་བརྒྱད་པའི་དཀྱིལ་ལ། དབྱིན་ཇིས་རྒྱ་གར་དབང་སྒྱུར་སྲ་བརྟན་བཏང་རྗེས། བོད་ལ་རྟོག་ཞིབ་དང་ཚོང་འབྲེལ་འཛུགས་ཆེད་དུ་ཧི་མ་ལ་ཡའི་ས་ཁྲ་འབྲི་འགོ་བརྩམས་ཡོད་འདུག དེ་བཞིན་ཚན་རིག་དང་མཐུན་པའི་བོད་ཀྱི་ས་ཁྲ་ཐོག་མ་དེ། ཕྱི་ལོ་༡༧༠༧ ལོར་མན་ཇུའི་གོང་མས་འགྲོ་གྲོན་བཏང་ནས་བྲིས་ཡོད་འདུག ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཁང་དུ་ས་ཁྲ་མི་འདྲ་བ་ཁྱོན་༤༢ འགྲེམས་སྟོན་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།