བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཙུགས་ནས་ལོ་བཅུ་འཁོར་བའི་མཛད་སྒོ་ཞིག་ཚོགས་སོང་།

ཟླ་འདིའི་ཚེས་༡༦ ཉིན་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཙུགས་ནས་ལོ་ངོ་ཧྲིལ་པོ་བཅུ་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་ས་རྰ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་དང་། གཞན་ཡང་དྷ་ས་ལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་སོགས་ཕེབས་འདུག

ཐེངས་འདིའི་མཛད་སྒོའི་ཐོག་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་གྱིས་བོད་མི་ཕན་ཚུན་ཁ་བརྡ་དང་ཡིག་འབྲེལ་བྱེད་པའི་སྐབས་དང་ལྷག་པར་དུ་བཙན་བྱོལ་ནང་དུ་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་བོད་སྐད་དང་བོད་ཡིག་བེད་སྤྱོད་བྱ་རྒྱུ་གལ་ཆེན་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚར་ལོངས་བྱུང་མཁན་བོད་ཕྲུག་རེ་འགས་བོད་སྐད་སྤུས་དག་པོ་བཤད་ཤེས་ཀྱི་འདུག་པས་ཕ་མ་ཚོས་འགན་ཁུར་ཡོད་པའི་ཐོག་ཁྱིམ་ཚང་གི་ནང་དུ་བོད་སྐད་དང་བོད་ཡིག་བེད་སྤྱོད་བྱས་ནས་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པའི་ཐོག་བོད་ཡིག་ནང་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། སྤོབས་པ་མཐོ་པོ་དང་གཟི་བརྗིད་ཡོད་པའི་ཐོག་ནས་བོད་སྐད་བཤད་དགོས་པ་སོགས་ཀྱི་གཏམ་བཤད་གནང་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་ས་རྰ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་དེང་སང་སྤྱི་ཚོགས་ཀྱི་ནང་གཞོན་སྐྱེས་ཙམ་མ་ཡིན་པ་མི་མང་པོས་སྦྲགས་སྐད་བེད་སྤྱོད་བྱེད་ཀྱི་ཡོད་པ་མཐོང་རྒྱུ་ཡོད་པའི་རྒྱུ་མཚན་གྱིས་སྐད་ཡིག་སྲུང་སྐྱོབ་ནི་མི་བྱེ་བྲག་པ་དང་ཚོགས་པ་བྱེ་བྲག་པ་ཞིག་གིས་སྲུང་ཐུབ་རྒྱུ་ཞིག་མིན་པས་མི་སྒེར་དང་ཚོགས་པ་སྐྱིད་སྡུག་ཚང་མས་ཁུར་མཉམ་ལེན་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་གཏམ་བཤད་གནང་སོང་།

ཐེངས་འདིའི་མཛད་སྒོའི་ཐོག་ཏུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལ་གཟེངས་རྟགས་ཕུལ་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་མི་ལོ་༢༥ ལྷག་གི་རིང་བོད་ཡིག་དགེ་རྒན་བྱེད་མཁན་དགེ་རྒན་༤༣ ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་འཁྱེར་ཕུལ་པ་དང། འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་བརྒྱ་ཆ་༩༥% ཡན་ལོན་མཁན་སློབ་མ་གྲངས ༣༤ ལ་ལག་འཁྱེར་དང་ཧིན་སྒོར༥༠༠༠ རེ་དབུལ་འཆར་ཡོད་ཀྱང་མཐོ་སློབ་ཁག་ཏུ་ཡིག་རྒྱུགས་འགྲོ་བཞིན་ཡོད་པ་དང་མང་པོ་ཞིག་ནི་ས་ཐག་རིང་དྲགས་པའི་དབང་གིས་མཛད་སྒོ་ཐོག་ཡོང་ཐུབ་མེད་པར་བརྟེན། ལག་ཁྱེར་སོགས་སྒེར་ཐོག་ལ་བསྐུར་རྒྱུ་བྱས་སོང་ལ། དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ངོ་བོ་ཞེས་པའི་དཔེ་དེབ་ཞིག་ཀྱང་དབུ་འབྱེད་གནང་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ཞེས་པའི་ཚོགས་པ་དེ་ནི་ཕྱི་ལོ་༢༠༡༣ ལོར་དངོས་སུ་གསར་འཛུགས་བྱས་ཡོད་པ་དང་ཚོགས་པ་དེའི་ཐོག་མའི་དམིགས་ཡུལ་ནི་བྷོ་ཊིའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་བརྒྱད་པའི་འོག་ངོས་འཛིན་ཡོང་ཐབས་བྱེད་རྒྱུ་དེ་ཡིན་མོད་ཀྱང་། བཙན་བྱོལ་བ་ཞིག་གི་གནས་བབ་འོག་དམིགས་ཡུལ་དེ་བསྒྲུབ་ཐབས་མེད་པར་བརྟེན། བོད་ཀྱི་སྐད་ཡིག་གཙང་གཙང་ཞིག་མུ་མཐུད་བདག་ཉར་ཐུབ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད་འདུག

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་འདས་པའི་དུས་ཡུན་མི་ལོ་བཅུའི་རིང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཤེས་ཡོན་སྡེ་ཁག་མང་པོའི་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ལ་བགྲོ་གླེང་དང་གཏམ་བཤད། ཐ་སྙད་གསར་པ་འགྲན་བསྡུར་སོགས་གོ་སྒྲིག་བྱས་ནས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།