བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་ཨ་རིའི་ NBC གསར་ཁང་ལ་ངོ་རྒོལ་བྱས་འདུག
ཊོག་ཀྱོ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་(Tokyo Olympics) དངོས་སུ་མཇུག་རྫོགས་པའི་མཚམས་འདིར། བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའོ་ཡོག་ཏུ་རྟེན་གཞི་བྱས་པའི་NBC གསར་ཁང་གི་ཚོང་ཁང་ནང་དུ་ངོ་རྒོལ་དང་སྐད་འབོད་བྱས་ཏེ། གསར་ཁང་དེས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་སྤྱིན་བདག་བྱེད་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག
ཕྱི་ཟླ་༨ པའི་ཨ་རིའི་ཚེས་༨ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་ལ་སོགས་པའི་ལས་འགུལ་བ་མི་ཉུང་བ་ཞིག་ནིནུ་ཡོག་ཏུ་ཡོད་པའི་NBC གསར་ཁང་གི་ཚོང་ཁང་ནང་དུ་འཛུལ་ནས་གསར་ཁང་དེས་ལོ་རྗེས་མའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་དང་སྦྱིན་བདག མ་འཇོག་དང་ཁྱབ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་བྱས་ཏེ་སྦྱིན་བདག་བྱེད་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག
ཐེངས་འདིའི་ལས་འགུལ་གྱི་རྒྱབ་ལྗོངས་དང་དགོས་འདུན་དང་འབྲེལ་བའི་ཐད་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མས་NBC གསར་ཁང་གིས་ལོ་རྗེས་མའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་སྟེང་དུ་ཨ་སྒོར་ས་ཡ་མང་པོ་མ་འཇོག་བྱས་ཏེ་ཁྱབ་བསྒྲགས་དང་མཉམ་ལས་བྱེད་བཞིན་པ་དེས། མི་རིགས་རྩ་མེད་བཟོ་མཁན་གྱི་སྲིད་གཞུང་དེའི་སྲིད་དབང་ཁྲིམས་མཐུན་དུ་སྒྱུར་བར་རོགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཐད་གཏོང་གི་བརྙན་ཐུང་བརྒྱུད་དེ་NBC ལ་བཏང་བའི་དགོས་འདུན་ནང་དུ། པདྨ་སྒྲོལ་མས་“དེ་རིང་ཊོག་ཀྱོ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་མཇུག་རྫོགས་ཀྱི་ཡོད། མི་ཚང་མས་NBC གསར་ཁང་གི་བརྙན་འཕྲིན་ཐོག་ནས་ཊོག་ཀྱོ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་མཇུག་སྡོམ་མཛད་སྒོར་ལྟ་བཞིན་ཡོད། དེས་ང་ཚོ་ལ་ཡིད་སྐྱོ་བའི་བདེན་པ་ཞིག་དྲན་སྐུལ་བྱེད་ཀྱི་ཡོད་ཅིང་། དེ་ནི་དེ་རིང་ནས་བཟུང་སྟེ་ཟླ་བ་གཅིག་གི་རྗེས་སུ། མི་རྣམས་ཀྱིས་NBC གསར་ཁང་གི་བརྙན་འཕྲིན་གྱི་སྒོ་ཕྱེ་ནས་མི་རིགས་རྩ་མེད་ཀྱི་རྩེད་འགྲན་ཆེན་མོར་(Genocide Games) བལྟ་ངེས་རེད། ད་ལྟ་ནས་བཟུང་སྟེ་[ལོ་རྗེས་མའི་]ཕྱི་ཟླ་༢ པ་བར་དུ་NBC གསར་ཁང་གིས་ཨ་སྒོར་ས་ཡ་མང་པོ་མ་འཇོག་གིས་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཁྱབ་བསྒྲགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་འཛམ་གླིང་ནང་དུ་ཁྲིམས་མཐུན་དུ་སྒྱུར་བར་རོགས་བྱེད་ཀྱི་ཡོད། NBC གསར་ཁང་གིས་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་སྦྱིན་བདག་བྱེད་བཞིན་པ་ཙམ་མ་ཡིན་པར་དངོས་སུ་ཁྱབ་བསྒྲགས་དང་། དྲིལ་བསྒྲགས་བྱས་ཏེ་མི་རིགས་རྩ་མེད་གཏོང་མཁན་གྱི་སྲིད་གཞུང་ཞིག་གི་སྲིད་དབང་ཁྲིམས་མཐུན་དུ་སྒྱུར་རོགས་བྱེད་ཀྱི་ཡོད། NBC ཁྱོད་ཀྱིས་གང་བྱེད་བཞིན་པ་དེ་ནོར་ཡོད། ངོ་ཚ་དགོས། པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་སྦྱིན་བདག་བྱེད་མཚམས་འཇོག་དགོས་”ཞེས་བརྗོད་འདུག
༢༠༢༢ ལོའི་པེ་ཅིང་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཇེ་ཉེར་ཡོང་བཞིན་པ་དང་སྦྲགས། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་བཀག་སྡོམ་(boycott) དང་། རྒྱལ་ཁབ་གཞན་དུ་སྤོ་དགོས་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་གྲོས་ཚོགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ཡུ་རོབ་གྲོས་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་ཐེ་བའི་གྲོས་ཚོགས་མང་པོ་ཞིག་གིས་གལ་སྲིད་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བཟང་དུ་མ་བཏང་བ་ཡིན་ན། ལོ་རྗེས་མའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་དུ་མཉམ་ཞུགས་མི་བྱེད་པའི་གྲོས་ཆོད་བཞག་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
