བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་འགོ་འཛུགས།

བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་འགོ་འཛུགས་གནང་སོང་ལ། ཚོགས་ཆེན་ཐོག་ཏུ་ཧི་མ་ལ་ཡའི་ས་ཁུལ་ཁག་ནས་རྒྱལ་རྒྱུད་དང་ལོ་རྒྱུས་མཁས་པ་བཅས་ཚོགས་བཅར་བ་༨༠ ཙམ་ཕེབས་འདུག དེ་བཞིན་རྡ་སའི་ཉེ་འཁོར་ལ་ཡོད་པའི་བོད་པའི་མཁས་པ་དང་ཟུར་ཉན་པ་ཁག་ཅིག་ཀྱང་ཕེབས་འདུག

ཕྱི་ཚེས་༣ ནས་༧ བར་ཉིན་གྲངས་ལྔའི་རིང་དབུས་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་ཞིག་འགོ་འཛུགས་གནང་སོང་། ཚོགས་ཆེན་དབུ་འཛུགས་སྐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དེ་བཞིན་ཧི་མ་ལ་ཡའི་ས་ཁུལ་ནས་ཡིན་པའི་བོད་ཀྱི་ཆོས་རྒྱལ་ཚོའི་གདུང་རྒྱུད་ཡིན་པ་དང་། ལོ་རྒྱུས་མཁས་པ་སོགས་ཁྱོན་ཚོགས་བཅར་བ་༨༠ ཙམ་ཕེབས་འདུག ཡིན་ཡང་། གནམ་གཤིས་ཀྱི་རྐྱེན་པས་ཚོགས་བཅར་བ་༣༥ ཙམ་ཚོགས་ཆེན་ལ་ཕེབས་ཐུབ་མི་འདུག 

ཚོགས་ཆེན་དེ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་ཀྱིས་གོ་སྒྲིག་གནང་འདུག 

དེ་རིང་ཚོགས་ཆེན་དབུ་འཛུགས་སྐབས་སུ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་འདུག་ལ། གསུང་འཕྲིན་དེའི་ནང་དེང་སྐབས་བོད་ཀྱི་ཆོས་རིག་གཉན་འཕྲང་སྐབས་ཏེ། ཕར་རོལ་ཕྱོགས་ནས་བོད་ཀྱི་ཆོས་དང་། སྐད་ཡིག་རིག་གཞུང་ལོ་རྒྱུས་སོགས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རྣམ་པ་མཐའ་དག་ཞི་དྲག་ཐབས་ལམ་སྣ་ཚོགས་ཀྱིས་རྨེག་མེད་བཟོས་དང་བཟོ་བཞིན་ཡོད་པའི་གནས་སྟངས་ལ་གཞིགས་ཏེ་འདི་གར་བོད་དང་མི་ཧི་མ་ལ་ཡའི་འབྲེལ་ལམ་ཞེས་པའི་ཚོགས་ཆེན་གལ་ཆེ་ཞིག་གྲ་སྒྲིག་སྐོང་འཚོགས་བྱེད་བཞིན་ཡོད་པ་དེར་བོད་དང་རྒྱ་བལ་འབྲུག་གསུམ་ནས་བཙན་པོའི་གདུང་རྒྱུད་ཁྲི་ཆེད་དང་རྒྱལ་པོ། ཇོ་བོ་དང་ནོ་ནོ་སོགས་དང་། བོད་དང་ཧི་མ་ལ་ཡའི་ས་ཁུལ་ནས་ཡིན་པའི་ལོ་རྒྱུས་མཁས་པ་བརྒྱ་ཕྲག་ཚོགས་ཞུགས་ཀྱིས་ཉིན་ལྔའི་རིང་བགྲོ་གླེང་གཏམ་བཤད་བྱ་རྒྱུ་ཤིན་ཏུ་ལེགས་པས་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཚོགས་འདུའི་ཐོག་ཚང་མས་ལོ་རྒྱུས་ཀྱི་དོན་དངོས་གླེང་སྟེ་རྫུན་གཏམ་འཁྱོག་བཤད་རིགས་ཡོ་བསྲང་དང་། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཆོས་རིག་གཅིག་གྱུར་གྱི་ལ་ཞེན་ཟབ་མོས་༧རྒྱལ་བསྟན་མི་རིགས་དང་བཅས་ནམ་ཡང་ཉམས་པ་མེད་པའི་ཞབས་འདེགས་ལ་བརྩོན་གལ་ཆེ་བ་ཡིད་འཇགས་འཚལ་ཞེས་འཁོད་འདུག

ཚོགས་ཆེན་གྱི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལ་དྲི་པར། ཁོང་གིས་བོད་དང་ཧི་མ་ལ་ཡའི་བར་གྱི་འདས་པའི་ལོ་རྒྱུས་རྣམས་བསྐྱར་གསོ་ཡོང་ཐབས་སུ་ཞིབ་འཇུག་དང་བགྲོ་གླེང་བྱས་ནས་མ་འོངས་མི་རབས་རྗེས་མ་ཚོའི་ཆེད་དུ་དེབ་གཟུགས་སུ་འགོད་རྒྱུ་ཡིན་ཞེས་དང་། དེ་བཞིན་ལོ་འདིར་མཚོན་ན་༧གོང་ས་མཆོག་གི་གོ་སྟོན་ཡིན་པར་བརྟེན། ༧གོང་ས་མཆོག་ནས་དུས་རྒྱུན་དུ་ཧི་མ་ལ་ཡ་དང་བོད་གཉིས་བར་གྱི་ལོ་རྒྱུས་རྣམས་ཉར་ཚགས་དང་ཕྱོགས་སྒྲིག་བྱེད་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་ཡང་ཡང་ཕེབས་ཡོད་པས། ཚོགས་འདུ་དེ་བརྒྱུད་ནས་༧གོང་ས་མཆོག་གི་བཀའ་བསྒྲུབ་རྒྱུའི་ཆེད་དུ་དམིགས་ཡུལ་བཟུང་ཡོད་པ་དང་།

དེ་བཞིན་ཁོང་གིས་ཚོགས་བཅར་བ་ལ་མཚོན་ན། ཧི་མ་ལ་ཡའི་ས་ཁུལ་ནས་ཚོགས་བཅར་བ་༡༠༠ ལྷག་ཙམ་ཕེབས་འཆར་ཡོད་ན་ཡང་། རྒྱ་གར་བྱང་ཕྱོགས་སུ་ད་ལྟ་ཆར་དུས་ཡིན་དུས་ཁུ་ནུ་དང་། སྦལ་ཏི་བཅས་ནས་ཚོགས་བཅར་བ་༣༥ ཙམ་ཡོང་ཐུབ་མེད་ན་ཡང་། ཚོགས་ཆེན་དེ་ཉིན་གྲངས་ལྔའི་རིང་ཡིན་དུས། ཉིན་མ་བཞི་པ་དང་ལྔ་པའི་སྐབས་སུ་ཚོགས་ཆེན་ཐོག་ཏུ་བཅར་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། ས་གནས་ལ་མཚོན་ན་ཧི་མ་ལ་ཡའི་ས་ཁུལ་གྱི་ལ་དྭགས་དང་། ཤར་པ། ཁུ་ནུ། འབྲས་ལྗོངས། ཡོལ་མོའི་མི་རིགས། སྦིལ་ཏི། འབྲུག བལ་ཡུལ་སོགས་ས་གནས་༢༠ ནས་༣༠ ཙམ་ནས་ཚོགས་བཅར་བ་ཕེབས་ཡོད་ཅེས་དང་། དེ་བཞིན་དམིགས་བསལ་བོད་ཀྱི་ཆོས་རྒྱལ་གྱི་གདུང་རྒྱུད། དཔེར་ན། ལ་དྭགས་རྒྱལ་པོའི་གདུང་རྒྱུད་དང་། ཟངས་དཀར་རྒྱལ་པོའི་གདུང་རྒྱུད། ལྷ་སྲས་གཙང་མའི་གདུང་རྒྱུད་སོགས་ཀྱི་རྒྱལ་རྒྱུད་ཡིན་པའི་མི་རབས་ཚོ་འདིར་ཕེབས་ནས་ཁོང་རྣམ་པ་ཚོའི་ལོ་རྒྱུས་སྐོར་བགྲོ་གླེང་བྱེད་རྒྱུ་ཡིན་པ་བརྗོད་སོང་།

དེ་བཞིན་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་པར་ཆ་རྐྱེན་གང་དགོས་མིན་སྐོར་ལ། ཁོང་གིས་ཧི་མ་ལ་ཡའི་ས་གནས་སོ་སོའི་མི་ཡིན་དགོས་པ་དང་། ས་གནས་དེའི་ལོ་རྒྱུས་སྐོར་མཁས་པ་ཡིན་པ་ཞིག་དགོས་པ་ལས། ས་གནས་གཞན་ནས་ཡིན་མཁན་གཅིག་ཀྱང་མེད། དཔེར་ན། ཤར་པའི་ལོ་རྒྱུས་སྐོར་ཡིན་ན། ཤར་པ་རང་ཡིན་དགོས་པ་དང་། ཤར་པའི་ལོ་རྒྱུས་སྐོར་མཁས་པ་ཡིན་པ། ཤར་པའི་མི་མང་ཁྲོད་ཆེ་མཐོང་ཡོད་མཁན་ཡིན་པ་ལས་གཞན་ཡོང་ཆོག་གི་མེད་པ་བརྗོད་བྱུང་། 

ཚོགས་ཆེན་དེའི་གལ་གནད་སྐོར་ལ། ཁོང་གིས་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས། ཧི་མ་ལ་ཡའི་ཁུལ་དུ་ཡོད་པའི་མི་རིགས་རྣམས་ཀྱི་འཚོ་བ་དང་ལོ་རྒྱུས། རིག་གཞུང་སོགས་ལ་ཡང་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་དུས། ང་ཚོས་ཐུན་མོང་གིས་མ་འོངས་པར་ཕན་ཚུན་རོགས་རམ་གང་འདྲ་བྱེད་དགོས་མིན་དང་།  གཉིས་པ་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་དེ་ངག་རྒྱུན་ལོ་རྒྱུས་ལས་ཡིག་ཐོག་ཏུ་དེ་ཙམ་མེད་དུས་ལོ་རྒྱས་ཕྱོགས་སྒྲིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པས། བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་འདི་གོ་སྒྲིག་བྱས་པ་རེད་ཅེས་བརྗོད་བྱུང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།