བོད་དང་ཧོང་ཀོང་། ཐའེ་ཝན་གསུམ་བར་གྱི་ལྷན་ཚོགས་ཐེངས་གཉིས་པ་མཇུག་བསྒྲིལ།
བོད་དང་ཧོང་ཀོང་། ཐའེ་ཝན་བཅས་ཀྱི་འཐབ་རྩོད་ཁྲོད་ན་གཞོན་གྱི་འགོ་ཁྲིད་ཁག་ཅིག་མཉམ་འཛོམས་ཀྱིས། རང་དབང་དང་མང་གཙོ། རང་ཐག་རང་གཅོད་ཀྱི་ཐོབ་ཐང་བཅས་ཀྱི་ཐོག་གྲོས་བསྡུར་བྱས་འདུག་པ་དང་། ཚོགས་བཅར་བ་ཚོས་ཞི་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ལ་རྒྱལ་སྤྱིའི་ཐོག་ནས་ངོ་རྒོལ་ཤུགས་ཆེན་བྱེད་པའི་དགོས་འདུན་བཏོན་འདུག
ཟླ་འདིའི་ཚེས་༣ ནས་༥ བར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཇོར་ཇེ་ཝ་ཤིན་ཀྲོན་གཙུག་ལག་སློབ་གཉེར་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་དང་ཧོང་ཀོང་། ཐའེ་ཝན་བཅས་ཀྱི་འཐབ་རྩོད་ཁྲོད་ནས་འདེམས་ཐོན་བྱས་པའི་ན་གཞོན་འགོ་ཁྲིད་ཁག་ཅིག་བར། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། དེ་བཞིན་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ས་གནས་ཁག་ཏུ། རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་འབོད་སྒྲ་ལ་དྲག་གནོན་ཚབས་ཆེ་རུ་འགྲོ་བཞིན་པའི་དཀའ་ངལ་དང་། དེ་དག་ལ་གདོང་ལེན་བྱེད་སྟངས། དེ་བཞིན་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་བའི་ཚོགས་སྡེ་བར་མཉམ་ལས་ཀྱིས། རྒྱ་ནག་གི་དྲག་གནོན་ལ་ཐབས་བྱུས་ལྡན་པའི་འཚེ་མེད་ཞི་བའི་ལམ་ཐོག་ནས་ཁ་གཏད་གཅོག་ཐབས་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱས་ཡོད་པ་རེད་འདུག
ལོ་སྔོན་མར་བོད་དང་ཧོང་ཀོང་། ཐའེ་ཝན་བཅས་བར་གྱི་ལྷན་ཚོགས་ཐེངས་དང་པོ་དེ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱེ་ལ་འཚོགས་ཡོད་པ་རེད། ཐེངས་འདིར་ཐའེ་ཝན་དང་ཧོང་ཀོང་། དབྱིན་ཡུལ། སུད་སི། ཁེ་ན་ཌ། ཨ་རི་སོགས་ནས་ལས་འགུལ་གྱི་ཚོགས་པ་མི་འདྲ་བ་༡༣ ནས་སྐུ་ཚབ་སླེབས་ཡོད་འདུག
ལྷན་ཚོགས་དེར་གཏམ་བཤད་བྱེད་མཁན་ཨ་རིའི་གྲོས་ཚོགས་མི་སྣ་ཇཱེམ་མེག་གྷོ་ཝན་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གི་འགན་འཛིན་སཱོ་ཧྥི་རཱི་ཆར་ཌེ། ཨ་རིའི་མང་གཙོ་འཕེལ་རྒྱས་ཐེབས་རྩ་ཁང་གི་ཚོགས་གཙོ་ཀཱལ་གྷེར་ཤི་མེན་བཅས་སོགས་སླེབས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
