བོད་དེ་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་རྒྱ་གར་གྱིས་ངོས་ལེན་བྱེད་མྱོང་མེད།

ཟླ་འདིའི་ཚེས་༢༠ ཉིན་དྷ་ཤོད་ཀ་ཅ་རི་ལ་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་ཨར་ཨེ་སི་ཨེ་སི་(RSS) སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་(Indresh Kumar) གྱིས་བོད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

rsa_2016སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སློབ་དཔོན་བསོད་ནམས་བསྟན་འཕེལ་དང་། ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱང་ཆེད་བཅར་གནང་ཡོད་པ་རེད།

ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་དེ་བསྐོངས་དགོས་དོན་སྐོར་ངོ་སྤྲོད་གནང་དོན། སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་གྱིས་ལོ་༡༧ རིང་རྒྱ་གར་རྒྱལ་ཡོངས་ནང་བོད་པའི་རྩ་དོན་ཆེད་གསུང་འབྱོན་གྱི་ཡོད་པ་དང་། ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་རེད། ད་ཐེངས་རྒྱ་གར་གྱི་སྤུན་མཆེད་ཉིན་མོ་དང་སྟབས་བསྟུན། ཁོང་དྷ་སར་ཕེབས་པ་དང་། ཁོང་གིས་དེ་སྔོན་བོད་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐོང་མྱོང་མེད་པས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་རོགས་ཞུས་པ་རེད་ཅེས་གསུངས་སོང་། ཨར་ཨེ་སི་ཨེ་སི་(RSS) ཚོགས་པ་ནི་རྒྱ་གར་ནང་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཡོད་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཡིན་པ་རེད།

སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་གྱིས་གསར་འགོད་ལྷན་ཚོགས་ཐོག་བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་ནས་གསུང་སྐབས།  ཁོང་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པའི་ཆ་ནས། བོད་པའི་མངོན་འདོད་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་། བོད་རྒྱ་འབྲེལ་མོལ་ཐོག་ཤུགས་བརྒྱབ་པ་ཡིན་ལ། ད་དུང་ཤུགས་རྒྱག་རྒྱུའི་ནུས་པ་ཡོད་པ་དང་། དེ་བཞིན་བོད་པའི་སྤྱི་ཚོགས་ནང་རང་བཙན་འཐབ་རྩོད་པ་ཡོད་པ་དེ་ཚོར་ཡང་ང་ཚོས་རྩོད་ཆོག་གི་མ་རེད་ཟེར་གྱི་མ་རེད་ལ། ཁོང་ཚོར་ཡང་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་གྱི་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། ལོ་རྒྱུས་ཀྱི་ཆ་ནས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཤིག་མེད་པར། བོད་དེ་རྒྱལ་ཁབ་དེ་གཉིས་དབར་གྱི་ཞི་བའི་བསྟི་གནས་ལྟ་བུ་ཡིན་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་རྗེས། རྒྱ་གར་དེ་ཁྱིམ་མཚེས་བྱེད་མྱོང་མེད་པའི་རྒྱལ་ཁབ་ཅིག་ཁྱིམ་མཚེས་ཆགས་པ་དང་། རྒྱ་གར་ལ་ཡང་དཀའ་ངལ་ཡོད་སྐོར། བོད་པའི་གནད་དོན་སེལ་ཐབས་སུ་སྔ་ཕྱི་བར་གསུམ་ལས་ཀ་གནང་བ་དང་། རྒྱ་ནག་གི་དཔོན་རིགས་ཚོར་རྣམ་དཔྱོད་ཡོད་ན་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་རྣམ་དཔྱོད་འདོན་དགོས་སྐོར། བོད་པ་གཅིག་པུ་མིན་པར་རྒྱ་ནག་གི་སྲིད་གཞུང་འོག་རྒྱ་མི་རིགས་ཀྱིས་ཀྱང་སྡུག་སྦྱོང་མྱོང་བསྡད་ཡོད་པ་ཚང་མས་ཁ་གྲགས་དགོས་རེད།   མཉམ་འབྲེལ་རྒྱལ་ཚོགས་ནང་མ་ཚུད་པའི་རང་དབང་མེད་པའི་རྒྱལ་ཁབ་མང་པོ་ཡོད་པ་དང་། ཁོང་ཚོའི་འབོད་སྒྲ་སླེབས་ཐབས་དང་། སྐུ་ཚབ་སླེབས་མ་ཐུབ་ནའང་གནད་དོན་སླེབས་ཐབས་དགོས་པ། བོད་དང་ཐའེ་ཝན་སོགས་མང་པོ་ཡོད་པས་དེའི་ཐོག་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཡོད་ཀྱང་། རྒྱ་གར་གྱིས་བོད་དོན་རྒྱབ་སྐྱོར་ཉམས་ཆག་འགྲོ་མི་སྲིད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་ངོས་འཛིན་བྱེད་སྟངས་དང་འབྲེལ་ནས་གསུང་སྐབས། རྒྱ་ནག་གིས་བཤད་པ་བཞིན་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་རེད་ཟེར་བ་དེ་རྒྱ་གར་གྱིས་ནམ་ཡང་ཁས་ལེན་བྱེད་མྱོང་མེད་པ་དང་། ད་ལྟ་གནོན་ཤུགས་སྤྲད་ནའང་ཁས་ལེན་གྱི་མ་རེད། ད་ལྟའི་ཆར་བོད་དེ་རྒྱ་ནག་གིས་བཙན་གནོན་འོག་ཏུ་ཤོར་ནས། ས་གནས་མི་རིགས་རང་སྐྱོང་རྩོད་ལེན་ཐོག་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་སྔ་ཕྱི་བར་གསུམ་དུ་གནང་གི་ཡོད་པ་ལས། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་བོད་དེ་རྒྱ་ཁོངས་ཡིན་པ་ཁས་ལེན་ཐབས་མེད་སྐོར་གསུངས་སོང་།

གསར་འགོད་པས་ཉེ་ཆར་asia.nikkei.com བརྒྱུད་ལམ་ཐོག  མིང་མི་གསལ་པའི་ཨར་ཨེ་སི་ཨེ་སིའི་མི་སྣ་གལ་ཆེན་ཞིག་ལ་བཅར་འདྲི་བྱེད་སྐབས། ༧རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཉིན། ཞི་ཅིན་ཕིན་རྒྱ་གར་དུ་ཕེབས་སྐབས་དང་། མཱུ་ཏི་རྒྱ་ནག་ཏུ་ཕེབས་སྐབས་ནང་ཁུལ་ཡིག་ཆ་ཞིག་བཞག་སྟེ། བོད་མིའི་སྒྲིག་འཛུགས་མེད་པ་བཟོ་རྒྱུ་དང་རྒྱ་གར་ནང་གི་བོད་པ་ཚོར་རྒྱ་གར་གྱི་མི་སེལ་ལག་ཁྱེར་སྤྲོད་རྒྱུ། རྒྱ་གར་དང་རྒྱ་ནག་བར་དུ་ཨ་རུ་ན་ཅལ་སོགས་ཀྱི་གནད་དོན་མི་གླེང་རྒྱུ་སོགས་བྱས་ཡོད་སྐོར་འཁོད་ཡོད་པས། དེ་བདེན་པ་ཡིན་མིན་དང་དེའི་ཐོག་དགོངས་ཚུལ་གང་ཡོད་དྲིས་པར། སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་གྱིས། རྩོམ་ཡིག་འདྲ་མིན་འབྲི་མཁན་མང་པོ་ཡོད་པ་དང་། བོད་ཀྱི་གནན་དོན་ཐོག་རྒྱ་གར་གྱི་སྲིད་ཇུས་འཛིན་སྟངས་དེ་སྲིད་བློན་གཅིག་པུ་དང་། ཆབ་སྲིད་ཚོགས་པ་གཅིག་གི་དབང་ཚད་མིན་པ། རྒྱ་གར་གྱི་ཆབ་སྲིད་ཚོགས་པའི་བར་མཐུན་མིན་ཅུང་རེ་ཡོང་གི་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་གཅིག་གྱུར་གྱི་ཐག་གཅོད་དགོས་པས། རྩོམ་ཡིག་འབྲི་མཁན་ཁོ་རང་ལ་ཡང་ཞིབ་དཔྱོད་དགོས་པ་ཞིག་ཡིན་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།