བོད་དོན་ལས་འགུལ་བ་མིག་དམར་འདས་གྲོངས།

ཟླ་འདིའི་ཚེས་༢༡ ཉིན་བོད་དོན་ལས་འགུལ་བ་ཤེས་རབ་ཚེ་རྡོ་(མིག་དམར་) དྷ་ས་བོད་ཀྱི་སྨན་རྩིས་ཁང་ནས་འདས་གྲོངས་སོང་ཡོད་པ་དང་། ཁོང་གི་སྙིང་རྩ་འགག་ནས་གློ་བུར་འདས་གྲོངས་སོང་ཡོད་འདུག

ཤེས་རབས་ཚེ་རྡོ་ནི་ལྡི་ལིར་སྐྱེས་པ་དང་། ད་ལྟ་རང་ལོ་༣༠ ཡིན་འདུག དེ་སྔོན་ལྡི་ལི་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ལྡི་ལི་ནས་དྷ་ས་བར་ཁོ་རང་གཅིག་པུས་བོད་དོན་ཁྱབ་བསྒྲགས་ཆེད་གོམ་བགྲོད་ལས་འགུལ་སྤེལ་མྱོང་ཡོད་པ་རེད།
༢༠༡༡ ལོའི་ཟླ་༡༡ ཚེས་༤ ཉིན་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་ཆེད་རང་ལུས་མེར་སྲེག་ངོ་རྒོལ་གནང་སྐབས། རྒྱ་གར་ཉེན་རྟོག་པས་མེ་བསད་ནས་སྨན་ཁང་དུ་བསྐྱལ་བས། རྐང་པ་གཡས་པ་ལས་གཟུགས་པོ་ཆ་ཚང་ལ་གནོད་སྐྱོན་ཤུགས་ཆེན་ཐེབས་མེད་པས་སྨན་བཅོས་ཐུབ་ཡོད་པ་རེད།
༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན། ཁོང་གིས་དྷ་རམ་ས་ལ་ནས་མགོ་བཙུགས་ཏེ། མིག་སྒྲིབ་རྒྱལ་དཀྲོགས་ཞེས་པའི་བོད་དོན་ཁྱབ་བསྒྲགས་དང་མཚན་རྟགས་བསྡུ་རུབ་ཆེད་རྒྱ་གར་ནང་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།