བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་འདུག

ཟླ་འདིའི་ཚེས་༡ ཉིན་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་ང་ཚོས་བོད་ནམ་ཡང་མ་རྗེད་ཅེས་པའི་འབོད་ཚིག་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཨུ་ཏར་ཁན་མངའ་སྡེའི་ནང་བདེ་སྐྱིད་གླིང་གཞིས་ཆགས་བར་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་འདུག

པར། Lhadhan Chotrul Monlam Chenmo

ཁོང་གིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་ཡུལ་མིའི་ཁྲོད་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དང་། བོད་པའི་སྤྱི་ཚོགས་ནང་བོད་སྤྱིའི་རྩ་དོན་འཐབ་རྩོད་གལ་ཆེན་ཡིན་པའི་དྲན་སྐུལ་ཞུ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་གྲོས་ཚོགས་སོགས་ཀྱི་ལས་དོན་ཚགས་ཚུད་ཡོང་བའི་སྨོན་ལམ། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོར་མ་འོངས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཐད་སྐུལ་མ་དང་སེམས་ཤུགས་སྤེལ་རྒྱུ་བཅས་ཡིན་འདུག

གཞན་ཡང་། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་ལོ་འདིའི་ཟླ་༡༠ ཚེས་༡༢ ནས་ཟླ་བ་གཅིག་ཙམ་གྱི་རིང་། ང་ཚོས་བོད་ནམ་ཡང་མ་རྗེད་ཅེས་པའི་འབོད་ཚིག་འོག རྒྱ་གར་གྱི་ཡུལ་མི་ཚོ་ལ་བོད་དོན་དྲིལ་བསྒྲགས་དང་བོད་པའི་སྤྱི་ཚོགས་ནང་རྩ་དོན་གལ་ཆེན་ཡིན་པའི་དྲན་སྐུལ་ཞུ་ཆེད། བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་ནས་གནས་མཆོག་རྡོ་རྗེ་གདན་བར་དུ། གཞུང་ལམ་བརྒྱུད་ནས་མ་ཕེབས་པར་རྒྱ་གར་གྱི་གྲོང་གསེབ་དུ་མར་བརྒྱུད་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ནི་དགུང་ལོ་༦༣ ཡིན་ཞིང་། ཆུང་དུས་ནས་ཕ་དམ་པའི་དགོངས་གཞི་ལྟར་བོད་སྤྱི་པའི་དོན་དུ་ཕྱག་ལས་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་པ་མ་ཟད། དེ་སྔོན་ཡང་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཡང་སྤེལ་མྱོང་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།