བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་བསྐྱར་དུ་རྐང་འཁོར་སྐོར་བསྐྱོད་འགོ་འཛུགས།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་རྐང་འཁོར་སྐོར་བསྐྱོད་ཐེངས་བདུན་པ་དེ་འགོ་འཛུགས་གནང་རྗེས་ཁོང་ན་ནས་ཟླ་གཉིས་ཙམ་རིང་ལས་འགུལ་མཚམས་འཇོག་བྱེད་དགོས་བྱུང་ཡོད་ཀྱང་། ཉེ་ཆར་བསྐྱར་དུ་ལས་འགུལ་མཇུག་སྐྱོང་གནང་བཞིན་འདུག ཐེངས་འདིའི་རྐང་འཁོར་སྐོར་བསྐྱོད་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་འགོ་བཙུགས་ཏེ་བཞུགས་སྒར་རྡ་རམ་ས་ལར་འབྱོར་རྒྱུ་ཡིན་པ་རེད།


ཕྱི་ཚེས་༢༢ ཉིན་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ཀྱིས་བོད་ཀྱི་བང་ཆེན་གསར་ཁང་ལ་ཁ་པར་བརྒྱུད་གསུངས་དོན། འདི་ལོ་ཕྱི་ཟླ་༧ ཚེས་༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་འགོ་བཙུགས་ཏེ་སེ་འབྲས་དགེ་གསུམ་གཙོས་བོད་པའི་གཞིས་ཆགས་ཁག་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་ (Bangalore) དང་ (Mumbai) གཙོས་ས་གནས་མང་པོ་ཞིག་ལ་སྐོར་བསྐྱོད་གནང་ཡོད་འདུག་ཀྱང་། རྒྱ་གར་མངའ་སྡེ་ (Maharashtra) ཡི་གྲོང་ཁྱེར་(Wani)འབྱོར་དུས་ཁོང་ལ་ཚ་བའི་ནད་ཕོག་ནས་རྐང་འཁོར་སྐོར་བསྐྱོད་མུ་མཐུད་བསྐྱོད་མ་ཐུབ་པར་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག དེ་རྗེས་སྨན་པའི་ལམ་སྟོན་གཞིར་བཟུང་ཟླ་བ་གཉིས་ཙམ་རིང་སྨན་བཅོས་དང་ངལ་གསོ་རྒྱག་དགོས་བྱུང་ཡོད་འདུག ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཁོང་རང་ཉིད་གཟུགས་གཞི་དྲག་སྐྱེད་བྱུང་ནས་བསྐྱར་དུ་རང་གི་དམ་བཅའ་གཞིར་བཟུང་རྐང་འཁོར་སྐོར་བསྐྱོད་དེ་ཟླ་འདིའི་ཚེས་༡༨ ཉིན། དེ་སྔོན་མཚམས་འཇོག་བྱེད་ས་དེ་རང་ནས་བསྐྱར་དུ་འགོ་བཙུགས་ཏེ་ད་ལྟ་(Gujarat)མངའ་སྡེའི་གྲོང་ཁྱེར་(Baroda)ལ་འབྱོར་འདུག ཁོང་གི་རྐང་འཁོར་སྐོར་བསྐྱོད་དེ་བཞིན་འདི་ལོ་ཕྱི་ཟླ་༡༢ ཚེས་༡༠ ཉིན་བཞུགས་སྒར་རྡ་རམ་ས་ལར་འབྱོར་རྒྱུའི་དམིགས་ཡུལ་བཟུང་ཡོད་འདུག་ཅིང་། ཉིན་དེ་ཁོང་གིས་འགོ་འཛུགས་གནང་བའི་རྐང་འཁོར་སྐོར་བསྐྱོད་ཐེངས་བདུན་པ་དེ་མཇུག་བསྒྲིལ་རྒྱུ་ཡིན་ཞེས་གསུངས་སོང་།
ཁོང་གིས་རྐང་འཁོར་སྐོར་བསྐྱོད་དུ་འགྲོ་དགོས་པའི་དམིགས་ཡུལ་དོན་ཚན་གསུམ་ཡོད་འདུག་ཅིང་། དང་པོ། ལས་འགུལ་འདིའི་དམིགས་ཡུལ་སྐོར་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་གསུང་དོན། ལས་འགུལ་གྱི་འབོད་ཚིག་ནི། “མི་ཡུལ་ག་ཚད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད། བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་དགོས།”ཞེས་པ་དེ་ཡིན། ལམ་བར་དུ་རྒྱ་གར་མི་མང་རྣམས་ལ་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་། བོད་འབངས་ཡོངས་ཀྱི་དོན་དུ་མཛད་འཕྲིན་རླབས་ཆེན་སྐྱོང་བཞིན་པ་དང་། ད་ལྟའི་བོད་ནང་གི་དངོས་ཡོད་དཀའ་ངལ་སོགས་ཀྱི་སྐོར་ཡིག་ངག་གཉིས་ཐོག་ནས་གོ་རྟོགས་སྤེལ་རྒྱུ་ཡིན། ཞེས་ལས་འགུལ་དེ་ཐོག་མ་འགོ་འཛུགས་དུས་འདི་ག་གསར་ཁང་ལ་བརྗོད་གནང་འདུག ད་ལྟ་རང་ལོ་༦༥ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ཁོང་ནི་རྒྱ་གར་བྱང་ཕྱོགས་དྷེ་ར་ལྡུན་ནས་ཡིན་འདུག་པ་དང་། ཁོང་ལ་དེ་སྔོན་རང་གི་ཕ་དམ་པས་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་འགུལ་སྤེལ་དགོས་པར་བརྗོད་ཡོད་འདུག་པར་བརྟེན། ཁོང་གིས་བོད་དོན་ཆེད་དུ་ལས་འགུལ་ཐེངས་མང་པོ་སྤེལ་ཡོད་འདུག ཁོང་གིས་ཕྱི་ལོ་༢༠༢༢ ལོ་ནས་བཟུང་ད་བར་བོད་དོན་ཁྱབ་བསྒྲགས་ཆེད་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་དང་གྲོང་ཁྱེར་མང་པོའི་ནང་སྤྱི་ལེ་༡༠,༠༠༠ ལྷག་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཟིན་ཞིང་། ཁོང་གི་རྐང་འཁོར་སྐོར་བསྐྱོད་ཐེངས་དང་པོ་དེ་ཕྱི་ལོ་༢༠༢༣ ཟླ་བ་༡༠ ནང་བཞུགས་སྒར་རྡ་ས་ནས་རྡོ་རྗེ་གདན་བར་སྤེལ་ཡོད་པ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་༢༠༢༣ ཟླ་བ་༡༢ ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་བདེ་སྐྱིད་གླིང་བར་སྤེལ། ཐེངས་གསུམ་པ་དེ་ཕྱི་ལོ་༢༠༢༤ ཟླ་བ་༣ ནས་དྷེ་ར་ལྡུན་བདེ་སྐྱིད་གླིང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་སྤེལ། ཐེངས་བཞི་པ་དེ་ཕྱི་ལོ་༢༠༢༤ ཟླ་བ་༥ ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་མཁར་གདོང་ལ་ནས་བཞུགས་སྒར་རྡ་ས་བར་སྤེལ། ཐེངས་ལྔ་པ་ཨ་རུ་ན་ཅལ་མངའ་སྡེ་ནང་ཡོད་པའི་མོན་རྟ་དབང་གི་༧ རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ (Jantar Mantar) བར་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ལྔ་པ་སྤེལ་ཡོད། དེ་བཞིན་རྒྱ་གར་བྱང་ཕྱོགས་དྷེ་ར་ལྡུན་ནས་མགོ་བཙུགས་ཏེ་ (Shimla) ནས་ (Manali) བར་དང་། དྷ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཐེངས་དྲུག་སྤེལ་ཡོད། ཐེངས་བདུན་པ་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་བཞུགས་སྒར་རྡ་ས་བར་སྤེལ་བཞིན་ཡོད་པ་རེད།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།