བོད་དོན་ལས་འགུལ་བར་གུན་གསབ་སྤྲོད་རྒྱུ་རེད་འདུག

ཡུ་རོབ་ཀྱི་རྒྱལ་ཁབ་ཌན་མག་གི་ཉེན་རྟོག་པས། བོད་དོན་ལས་འགུལ་བའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་རྩིས་མེད་བཏང་བའི་ནོར་འཁྲུལ་ཁས་ལེན་གྱིས། ལས་འགུལ་བ་ཚོར་གུན་གསབ་སྤྲོད་རྒྱུར་ཁས་ལེན་བྱས་ཡོད་འདུག

ཟླ་༤ པའི་ཚེས་༢༤ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༢ དང་༢༠༡༣ ལོར་ཌན་མག་རྒྱལ་ཁབ་ཀྱི་རྒྱལ་ས་ཀོ་པེན་ཧེ་གྷན་དུ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་སྐོར་བསྐྱོད་དུ་སླེབས་སྐབས། བོད་དོན་ལས་འགུལ་བ་ཁག་ཅིག་གིས་ལས་འགུལ་སྤེལ་སྐབས། ཉེན་རྟོག་པས་ལས་འགུལ་བ་དེ་རྣམས་རྒྱ་ནག་གི་དཔོན་རིགས་གི་མཐོང་སར། འདུ་འཛོམས་དང་ངོ་རྒོལ་བྱེད་པར་བཀག་འགོག་བྱས་ཡོད་ཁར། ལས་འགུལ་བ་རྣམས་རླངས་འཁོར་གྱི་རྒྱབ་ཏུ་བཀབ་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་འཕྱར་མཁན་ལས་འགུལ་བ་ཞིག་ཆུ་ཚོད་གཅིག་དང་སྐར་མ་༢༠ ཡི་རིང་བཀག་ཉར་བྱས་ཡོད་འདུག་པས། ཁོང་གིས་མང་གཙོའི་རྒྱལ་ཁབ་ནང་གི་མི་སེར་ཚོའི་གཞི་རྩའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་རྩིས་མེད་བཏང་བའི་ཁྲིམས་གཏུག་བྱས་ཡོད་པ་དང་། ཁོང་ལ་གུན་གསབ་ཐོབ་ཡོད་འདུག

དེ་བཞིན་ལས་འགུལ་བ་གཞན་རྣམས་ཀྱིས་གནད་དོན་དེ་ཁྲིམས་གཏུག་བྱ་རྒྱུའི་གླེང་སློང་ཤུགས་ཆེན་བྱས་སྐབས། ཉེན་རྟོག་པས་ལས་འགུལ་བ་ཚོར་བཀག་འགོག་གིས་ནོར་འཁྲུལ་བྱས་ཡོད་པ་ཁས་ལེན་བྱས་མེད་ཁར། གནད་དོན་དེ་ཁྲིམས་ཁང་ལ་གཏུག་རྒྱུར་ཐག་གཅོད་བྱས་ཡོད་པ་རེད་དེ། ཉེ་བའི་ཆར་གྲོང་ཁྱེར་ཉེན་རྟོག་དཔོན་གྱིས་དུས་ཚོད་དེ་གཉིས་སྐབས། ཉེན་རྟོག་པས་གནད་དོན་དེར་གདོང་ལེན་བྱེད་སྟངས་ཐད་ནོར་འཁྲུལ་ཚབས་ཆེན་བྱས་ཡོད་པར་ཁས་ལེན་གྱིས། “མང་གཙོའི་རྒྱལ་ཁབ་ནང་ཉེན་རྟོག་པས་མི་སེར་ཚོའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། ང་ཚོས་མི་སེར་ཚོའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ཀྱང་། སྐབས་དེ་གཉིས་ལ་དེ་ལྟར་བྱས་མེད་པ་རེད།”ཅེས་བརྗོད་ཡོད་འདུག

ཉེན་རྟོག་པས་ནོར་འཁྲུལ་ངོས་ལེན་དང་སྦྲགས། བོད་དོན་ལས་འགུལ་བ་བརྒྱད་ལ་ཌན་མག་གི་སྒོར་ཁྲི་གཉིས་རེའི་གུན་གསབ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་འདུག

རྒྱལ་ཁབ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨན་ཌེར་སེན་གྱིས། མཐའ་མ་དེར་ཉེན་རྟོག་པས་ལས་འགུལ་བ་དེ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་བ་ངོས་ལེན་དང་། ཁོ་ཚོར་གུན་གསབ་སྤྲོད་རྒྱུ་ཁས་ལེན་བྱས་པར་དགའ་པོ་བྱུང་སྐོར་དང་། གནད་དོན་དེ་ལ་བརྟེན་ནས་ཉེན་རྟོག་པས་བྱ་སྤྱོད་འགྱུར་བ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།