བོད་ནང་གཏེར་ཁ་སྔོག་འདོན་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ཛ་དྲག་གི་བསྒྲགས་གཏམ།


ཟླ་བ་སྔོན་མ་ཁམས་རྫ་ཆུ་ཁར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་རྐྱེན་གྱིས་བོད་མི་ཚོས་ངོ་རྒོལ་བྱེད་དུས་བོད་མི་༨༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ཅིང་། ད་ཆར་བོད་མི་༧ གར་སོང་ཆ་མེད་དུ་གྱུར་ཡོད་པས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་ཛ་དྲག་གི་བསྒྲགས་གཏམ་ཞིག་སྤེལ་སོང་།

པར། བོད་ཀྱི་བང་ཆེན།

ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༡༩ ཉིན་རྡ་སར་ཡོད་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔས་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢:༡༡ སྟེང་། ཁམས་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་ཡུལ་མི་ཚོས་གསེར་ཁོག་ཅེས་པའི་ཀ་བཞིའི་ས་ཆ་དེར་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མཐོང་ནས་དེར་བཀག་འགོག་དང་། ཡུལ་ཚོའི་འགོ་ཁྲིད་དག་ལ་ཡར་ཞུ་བྱས་པར། འགོ་ཁྲིད་དག་གིས་ཡུལ་མི་ཚོར་འཛིན་བཟུང་དང་བཀག་ཉར་བྱས་པ་སོགས་ཀྱི་ད་ཆར་བོད་མི་༨༠ ཙམ་འཛིན་བཟུང་བྱས་པར། ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་སོང་།
ངོ་རྒོལ་བསྒྲགས་གཏམ་ནང་རྒྱ་ནག་སྲིད་གཞུང་གིས་ཉེ་ཆར་ཁམས་རྫ་ཆུ་ཁར་གསེར་གྱི་གཏེར་ཁ་སྔོག་འདོན་སྐབས་བོད་མི་གྲངས་༨༠ འཛིན་བཟུང་གི་ཛ་དྲག་གནས་བབ་ལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་ངོ་རྒོལ་སྐྱོན་བརྗོད་བྱེད་རྒྱུ་ཡིན།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢:༡༡ སྟེང་། ཁམས་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་ཡུལ་མི་ཚོས་གསེར་ཁོག་ཅེས་པའི་ཀ་བཞིའི་ས་ཆ་དེར་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མཐོང་ནས་དེར་བཀག་འགོག་དང་། ཡུལ་ཚོའི་འགོ་ཁྲིད་དག་ལ་ཡར་ཞུ་བྱས་པར། འགོ་ཁྲིད་དག་གིས་ཁོང་རྣམས་ལ་རྒྱབ་སྐྱོར་གང་ཡང་མེད་པར། ཁྱེད་རང་ཚོར་ཐེ་ཇུས་ཡོད་མ་རེད། ས་གཞི་འདིའི་བདག་དབང་ཡོངས་རྫོགས་ཀྲུང་གོ་རྒྱལ་ཁབ་ལ་ཡོད་རེད། ང་ཚོས་རྟོག་ཞིབ་དང་ཐག་གཅོད་ཡོང་གི་རེད་ཅེས་ཧམ་རྫུན་དང་། གསེར་བརྐོ་བར་བཀག་འགོག་བྱས་པ་ནི་ནོར་འཁྲུལ་ཡིན་རབས་ཀྱིས་བཙན་པོ་དབང་ཡོད་དང་། གཉའ་གནོན་དང་ཧམ་བཤད་ཚད་མེད་བྱས་མ་ཟད། ཕྱི་ཚེས་༦ ཉིན་ནས་ཡུལ་མི་གྲངས་༨༠ གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པ་དང་། མི་གྲངས་༧ གར་སོང་ཆ་མེད་དུ་གྱུར་ཡོད་པར་ཧ་ཅང་ཛ་དྲག་གི་གནས་སྟངས་ཡིན་པ་བརྗོད་འདུག
དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་བརྗོད་ན། རང་ས་རང་སྲུང་གི་ཐོབ་ཐང་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་། ས་གནས་ཡུལ་མིས་ཞི་རྒོལ་ཡར་ཞུ་བྱེད་པའི་ཐོབ་ཐང་བཅས་ལ་བརྩི་མེད་ཀྱིས་དེ་ལས་ལྡོག་སྟེ་ཡུལ་མི་ཚོར་བཙན་པོ་དབང་ཡོད་དང་འཇིགས་སྐུལ། གང་བྱུང་འཛིན་བཟུང་བཙོན་འཇུག སྡུག་སྦྱོང་མནར་གཅོད་གཏོང་བ་སོགས་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆར་དོན་ལ་རྩིས་མེད་རྡོག་རོལ་དང་། དེ་བཞིན་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བཅས་ལ་རྩིས་མེད་བཏང་བ་ཞིག་ཀྱང་ཡིན་པ་བརྗོད་འདུག
སྤྱིར་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་༡༩༨༠ གྱ་གྲངས་ཙམ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་ཡུལ་ལུང་པ་གང་ས་ནས་གསེར་དང་། དངུལ། ཟངས། ཞ་ཉེའི་རིགས་སོགས་རྩ་ཆེའི་རིན་ཆེན་གཏེར་ཁ་སྣ་ཚོགས་སྔོག་འདོན་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་མོད་ཀྱང་། རྒྱ་དམར་སྲིད་གཞུང་གིས་གནས་ཚུལ་སྦ་གསང་དང་། བཀག་འགོག་དམ་དྲག་ཤུགས་ཆེ་བྱས་པའི་རྐྱེན་གྱིས་གནས་ཚུལ་ཞིབ་ཕྲ་རྒྱལ་སྤྱིའི་ཐོག་ཤེས་རྟོགས་དེ་ཙམ་བྱུང་མེད། གོང་འཁོད་ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་ཁུལ་ནས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་པ་ནི་ཉེ་ཆར་གསར་དུ་སྔོག་འདོན་བྱས་པའི་ཛ་དྲག་གི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱལ་སྤྱིའི་ཤེས་རྟོགས་ཆེ་བ་བྱུང་ཡོད། ད་དུང་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་མེད་པའི་ཁྲོད་བོད་ཀྱི་ས་ཁུལ་གང་ས་ནས་རྩ་ཆེའི་གཏེར་ཁའི་རིགས་འདྲ་མིན་སྔོག་འདོན་བྱེད་བཞིན་ཡོད།
མདོར་ན་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པས། དེ་གར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔས་རྒྱ་དམར་སྲིད་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དང་འགོ་ཁྲིད་ཚོར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། གཤམ་གསལ་དགོས་འདུན་དོན་ཚན་ལྔ་ཅན་འདི་བཞིན་ནན་བརྗོད་བྱེད་རྒྱུ་ཡིན་པ་བརྗོད་སོང་།
༡༽ བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལས་གཏོར་བཤིག་གཏོང་མཚམས་འཇོག་དགོས།
༢༽ ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་ཚོ་གང་མགྱོགས་གློད་བཀྲོལ་གཏོང་དགོས།
༣༽ གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་རྣམས་ཁྱིམ་ཚང་སོ་སོར་བདེ་འཇགས་ངང་ངེས་པར་རྩིས་སྤྲོད་དགོས།
༤༽ བོད་ཀྱི་ཡུལ་མི་ཚོས་འདོད་མོས་མེད་པའི་འཛུགས་སྐྲུན་ལས་གཞི་དང་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས།
༥༽ བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གནས་བབས་ལ་རྒྱལ་སྤྱིས་ངེས་པར་དོ་སྣང་སྲུང་སྐྱོབ་དགོས་རྒྱུ་བཅས་འཁོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།